ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ལོ་ན་༤ ལ་སོན་པའི་གྷ་ཛའི་ཕྲུ་གུ་ཞིག་གི་ཡ་ང་བའི་ལོ་རྒྱུས།


མིང་ལ་ཨོ་མར་ཨ་བྷུ་ཁུ་ཝེ་ཁི་ཞེས་སུ་འབོད་པའི་ལོ་ན་༤ ཅན་གྱི་པ་ལི་སི་ཐན་གྱི་ཕྲུ་གུ་ཞིག།
མིང་ལ་ཨོ་མར་ཨ་བྷུ་ཁུ་ཝེ་ཁི་ཞེས་སུ་འབོད་པའི་ལོ་ན་༤ ཅན་གྱི་པ་ལི་སི་ཐན་གྱི་ཕྲུ་གུ་ཞིག།

ཨི་སི་རལ་གྱིས་གྷ་ཛར་མཁའ་ཐོག་ནས་གཏོར་རྒོལ་བཏང་བར་བརྟེན། མིང་ལ་ཨོ་མར་ཨ་བྷུ་ཁུ་ཝེ་ཁི་ཞེས་སུ་འབོད་པའི་ལོ་ན་༤ ཅན་གྱི་བུ་ཆུང་ཞིག་གི་ནང་མི་སྤུན་མཆེད་དང་ཨ་མ་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པར་མ་ཟད། སོ་སོའི་ལག་པ་ཡ་གཅིག་ཀྱང་ཤོར་བའི་ཡ་ང་བའི་ལོ་རྒྱུས་ཤིག་གསར་འགྱུར་བརྒྱུད་ལམ་ཁག་ནང་སླེབས་འདུག། ལས་ངན་ནང་གི་ལས་ཅན་གྱི་དཔེ་ལྟར་འབྲེལ་ཡོད་དང་འབྲེལ་མེད་ཀྱི་མི་སྣ་མང་པོའི་རོགས་རམ་འོག། ད་ཆ་ཨོ་མར་ཨ་བྷུ་ཁུ་ཝེ་ཁི་ཞེས་འབོད་པའི་བུ་ཆུང་དེ་གྷ་ཛའི་ལུང་གཤོངས་ནས་ཨ་མེ་རི་ཀར་འབྱོར་ཏེ། སྨན་བཅོས་བྱེད་བཞིན་པའི་སྒང་ཡིན་པ་རེད།

ཁོའི་སྲུ་མོའི་གཟིགས་སྐྱོང་འོག་ནིའུ་ཡོག་གི་འཕྲོད་བསྟེན་ཐེབས་རྩའི་ལས་ཁུངས་ཤིག་གི་ཁང་པ་ནས་ཉིན་འགའ་ཤས་བསྡད་རྗེས། ཁོ་དང་ཁོ་པའི་སྲུ་མོ་གཉིས་ཆར་མཚོན་ན། ངེས་གཏན་མེད་པའི་མ་འོངས་པར་ཁ་ཕྱོགས་པའི་མི་ཚེའི་བརྒྱུད་རིམ་ནང་། ཡུན་ཐུང་གི་ཉིན་འགའ་ཤས་དེ་ནི་མུ་མཐའ་མེད་པའི་དཀའ་སྡུག་གི་འཚོ་བའི་རྒྱ་མཚོ་ཆེན་པོའི་དཀྱིལ་ལ་ངལ་གསོའི་གླིང་ཕྲན་ཆུང་ཆུང་ཞིག་རྙེད་པ་དང་གཉིས་སུ་མེད་པ་རེད། གྷ་ཛའི་ལུང་གཤོངས་སུ་དཀའ་སྡུག་དང་འཇིགས་སྣང་མྱོང་བཞིན་པའི་མི་རྣམས་ལ་མཚོན་ན། སྡུག་བསྔལ་དང་མིག་ཆུ། མ་འོངས་པར་ཡིད་ཆེས་བརླག་པའི་ཚོར་འདུ་དེ་བཞིན་ད་དུང་རྒྱང་རིང་དུ་ཕྱིན་མེད་པར། གང་ཟག་རེ་རེའི་ཉེ་འཁྲིས་སུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་མུས་ཡིན་པ་རེད།

ཁོ་པའི་སྲུ་མོ་ཨ་བྷུ་ཁུ་ཝེ་ལགས་ཀྱིས་ཁོང་མོའི་མིང་པོའི་བུ་ཨོ་མར་ཨ་བྷུ་ཁུ་ཝེ་ཁིར་རོགས་པ་བྱ་རྒྱུ་བྱུང་བར་དགའ་པོ་བྱུང་ཡོད་ཅིང་། ད་ལྟ་ཨ་བྷུ་ཁུ་ཝེ་ཁི་ནི་ཁོང་མོའི་བུ་བཞི་པ་ཡིན་པའི་ངོས་འཛིན་བྱེད་བཞིན་པ་རེད། སྲུ་མོས་ཨ་བྷུ་ཁུ་ཝེ་ཁི་ཨ་རིར་སྨན་བཅོས་ཆེད་དུ་རོགས་རམ་དུ་ཡོང་བ་དེའང་བདམས་ཀ་ལས་སླ་མོ་ཞིག་མ་ཡིན་པར། ཁོང་མོས་སོ་སོའི་ཁྱོ་ག་དང་ལོ་ན་བཅུ་ལྷག་ལས་སོན་མེད་པའི་སོ་སོའི་ཕྲུ་གུ་གསུམ་པོ་གྷ་ཛའི་ལྷོ་ཕྱོགས་ཀྱི་ཧྥ་ལཱ་ཞེས་པའི་གྲོང་ཁྱེར་དུ་སྐྱབས་བཅོལ་བའི་སྡོད་སྒར་ནང་ལ་བཞག་ཡོད་ཅིང་། ཨི་སི་རལ་གྱིས་ཧྥ་ལཱ་སོགས་ཀྱི་སྐྱབས་བཅོལ་བའི་སྡོད་སྒར་ཁག་ལ་གཏོར་རྒོལ་གཏང་འཆར་ཡོད་སྟབས། སྲུ་མོ་ཨ་བྷུ་ཁུ་ཡིས་སོ་སོའི་ནང་མིར་ཐུག་མི་ཐུབ་པ་ཤེས་ཀྱི་ཡོད་པ་རེད།

ཨོ་མར་ཨ་བྷུ་ཁུ་ཝེ་ཁི་ནི་ཕྲུ་གུ་པྲ་ཚག་ཞིག་ཡིན་པ་དང་། ཁོ་པའི་ཨ་ཕ་བཟོ་བཀོད་པ་དམ་པ་དེ་ནང་བཞིན་སྤྱང་གྲུང་འཛོམས་པ་ཞིག་ཀྱང་རེད། གྷ་ཛ་ནས་གཏོར་རྒོལ་ཕོག་རྗེས་ཁོ་པ་ཁ་གྲག་རྒྱུར་མི་དགའ་བ་མ་ཟད། རྟག་པར་མིག་ཆུ་གཏོང་བཞིན་འདུག། ཁོས་བུ་བཅོལ་ཁང་ལ་འགྲོ་གི་མིན། ངས་སྲུ་མོ་དང་ཁ་ཁ་ཕྱིན་ན་ཞེད་ཀྱི་འདུག་ཅེས་ཟེར་གྱི་འདུག། ཡིན་ནའང་། གྲོང་ཁྱེར་ནིའུ་ཡོག་ལ་འཕུར་བའི་གནམ་གྲུ་དེས་ཁོ་པར་ཕུགས་བསམ་དང་རེ་བ་གསར་པ་ཞིག་བསྐྲུན་སོང་། ཁོས་ང་རྗེས་མར་ཆེན་པོ་ཆགས་རྗེས། གནམ་གྲུ་གཏོང་མཁན་ཞིག་བྱ་འདོད་འདུག། དེ་འདྲ་བྱས་ཐུབ་ན་ངས་མི་མང་པོ་ས་ཆ་གཞན་ལ་ཁྲིད་ཐུབ་ཀྱི་རེད་ཅེས་བརྗོད་བྱུང་། ཞེས་སྲུ་མོ་ཨ་བྷུ་ཁུ་ཡིས་ཚ་བོའི་སྐོར་ཁ་བརྡ་བཤད་འདུག།

ཨོ་མར་ཨ་བྷུ་ཁུ་ཝེ་ཁི་ནི་གོ་ལའི་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་རོགས་སྐྱོར་ཐེབས་རྩས་ཆུང་གསོ་བདག་ཉར་བྱས་པའི་གྷ་ཛའི་པ་ལི་སི་ཐན་གྱི་ཕྲུ་གུ་ཐོག་མ་དེ་ཡིན་པ་རེད། སི་ཐཱ་ཐེན་གླིང་ཕྲན་ཐེབས་རྩའི་ལས་ཁུངས་གསར་འཛུགས་གནང་མཁན་ཨེ་ལི་སཱ་མོན་ཐན་ཐི་ལགས་ཀྱིས་དུས་ཡུན་མི་ལོ་༢༥ བེད་སྤྱོད་བཏང་ནས། ཨི་རག་དང་ཨ་ཧྥུ་གྷ་ནི་སི་ཐན་གྱི་དམག་འཁྲུག་ཐེ་བའི་དམག་འཁྲུག་གིས་རྐྱེན་པས་དོ་ཕོག་དང་ཡན་ལག་ཤོར་བའི་ཕྲུ་གུ་ཚོར་འཕྲོད་བསྟེན་སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་རེད།

ན་ནིང་སྤྱི་ལོ་༢༠༢༣ ལོའི་ཟླ་བ་༡༠ པའི་ཚེས་༧ ཉིན། ལྗིའུ་མིའི་དུས་ཆེན་ཤིས་མི་ནི་ཨ་ཛེར་ཊི་ Shemini Atzeret ཞེས་པའི་དུས་ཆེན་གྱི་སྐབས་སུ། ཧ་མ་སི་ཡི་དྲག་སྤྱོད་པ་ཚོས་ཨི་སི་རལ་གྱི་ཞི་བའི་མི་སེར་དཀྱུས་མའི་ཐོག་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་སྤེལ་བ་གོ་ལའི་ཁྱོན་ཡོངས་ཀྱི་གསར་འགྱུར་ཚ་ཤོས་སུ་ཆགས་ཤིང་། ཧ་མ་སི་དྲག་སྤྱོད་པས་ཨི་སི་རལ་གྱི་གྲོང་དང་གྲོང་བརྡལ་ཕུང་སྦྱོར་གཏོར་བརླག་ཏུ་བཏང་བ་དང་། རོལ་དབྱངས་དུས་ཆེན་གྱི་ཚོགས་སུ་མེ་མདའ་འཕངས་ཐོག་མི་གཏའ་༢༥༠ ཐམ་པ་བཙན་ཁྲིད་བྱས་པ་དང་། ཧ་ལམ་མི་༡༢༠༠ ཡས་མས་ཤིག་རྐྱེན་འདས་སུ་བཏང་ཡོད་པ་རེད།

དེའི་རྗེས་ཨི་སི་རལ་གྱིས་དེར་འཁོན་ལན་སློག་ཆེད་གྷ་ཛ་ལུང་གཤོངས་ཀྱི་མཁའ་ཐོག་ནས་གཏོར་རྒོལ་བཏང་སྟེ་གྲོང་དང་གྲོང་ཁྱེར་མང་པོ་བཅོམ་བརླག་ཤུལ་མེད་དུ་བཏང་བ་དང་། ཨི་སི་རལ་གྱིས་གྷ་ཛའི་ལུང་གཤོངས་ཀྱི་སྡོད་དམངས་མི་གྲངས་ས་ཡ་གཉིས་ལ་སྤྱི་པའི་རྒྱུན་མཁོའི་སྒྲིག་ཆས་བཅད་རྗེས། ཧ་མ་སིའི་མཐོ་རིམ་མགོ་རྟིང་སློག་ཆེད་གྷ་ཛ་ལུང་གཤོངས་སུ་ཁྱོན་ཡོངས་ནས་དཔུང་འཇུག་བཙན་འཛུལ་བྱས་ཏེ། དུས་ཡུན་ཟླ་བ་༥ མ་ཟིན་ཙམ་གྱི་རིང་གི་དམག་འཁྲུག་ནང་ཨི་སི་རལ་དམག་དཔུང་གིས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཆེན་པོ་ཞིག་བཟོས་ཏེ། གྷ་ཛའི་མི་འབོར་ས་ཡ་གཉིས་དང་འབུམ་གསུམ་ནང་ནས་མི་འབོར་བརྒྱ་ཆ་༨༠% ཐམ་པ་རང་ཡུལ་བཞག་ནས་གཞན་ཡུལ་དུ་གྱར་དགོས་བྱུང་ཡོད་པ་རེད།

རྟོག་ཞིབ་ལས་གཞི་ཞིག་ལས་གསལ་སྟོན་བྱས་པ་ལྟར་ན། གྷ་ཛའི་རྒྱ་མཚོའི་འགྲམ་ངོགས་རྒྱུད་ཀྱི་འཛུགས་སྐྲུན་རིགས་ཡོད་ཚད་རྩ་མེད་ཤུལ་བརླག་ཏུ་བཏང་ཡོད་ཅིང་། གྷ་ཛའི་ཁུལ་དུ་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ཁྲི་༣ ལ་བརྒལ་ཡོད་པ་དང་། རྨས་སྐྱོན་ཕོག་མཁན་གྱི་མི་གྲངས་ཁྲི་༧ ཟིན་ཡོད་པ་དང་། གྲངས་ཀ་དེའི་ཁོངས་སུ་ཞི་བའི་མི་སེར་དཀྱུས་མ་དང་དྲག་པོའི་དམག་མི་གཉིས་ཆ་འདུས་ཡོད་ཀྱང་། བུད་མེད་དང་ཕྲུ་གུའི་གྲངས་འབོར་དེ་སུམ་ཆ་གཉིས་ལྷག་ཟིན་ཡོད་པ་བརྗོད་ཀྱི་ཡོད་པ་རེད། ཨི་སི་རལ་གྱིས་ཞི་བའི་མི་སེར་དཀྱུས་མ་རྐྱེན་འདས་སུ་འགྲོ་བའི་ངན་ཁག་དང་འགན་འཁྲི་ཡོད་ཚད་ཧ་མ་སིའི་མགོར་གཡོགས་རྐྱང་བྱས་ཐོག་དྲག་སྤྱོད་པ་རྣམས་ཞི་བའི་མི་སེར་དཀྱུས་མའི་ནང་ལ་འཛུལ་བསྡད་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད།

ན་ནིང་ལོའི་སྤྱི་ཟླ་༡༢ པའི་ཚེས་༦ ཉིན་ལ། ཨི་སི་རལ་གྱིས་ཨོ་མར་ཨ་བྷུ་ཁུ་ཝེ་ཁིའི་སྤོ་ལགས་དང་རྨོ་ལགས་བཞུགས་ཡོད་སའི་གྷ་ཛའི་དབུས་རྒྱུད་དུ་གཏོར་རྒོལ་ཐེངས་གཉིས་ཀྱི་སྐབས་སུ། ཁོ་པའི་གདོང་གི་པགས་པར་རྨས་སྐྱོན་བཏང་ཡོད་པར་མ་ཟད། ལག་པ་གཡོན་པའི་དཔུང་པ་མན་ཆད་འགུལ་རྒྱུ་མེད་པར་ཆགས་བཅུག་ཡོད་པ་དང་། ཁོ་པའི་ཕ་མ་གཉིས་དང་། ལོ་ན་༦ ལ་སོན་པའི་སྲིང་མོ་ཆུང་ཆུང་ཞིག། སྤོ་ལགས་དང་རྨོ་ལགས། སྲུ་མོ་གཉིས་དང་། ཕ་སྤུན་གྱི་སྤུན་མཆེད་ཅིག་བཅས་པ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

ད་ལྟའི་ཆར་ཨི་སི་རལ་དང་ཨི་ཅིབ་གཉིས་ཀྱིས་གྷ་ཛ་ནས་ཕྱི་ལོགས་སུ་ཐོན་མཁན་རྣམས་ལ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་ཅིང་། ཉིན་རེར་མི་བརྒྱ་གྲངས་ཁ་ཤས་ལས་ཕྱི་ལོགས་སུ་གཏོང་གིན་མེད་པ་དང་། དེའི་ནང་ནས་མང་ཆེ་བ་ཕྱི་རྒྱལ་གྱི་མི་ཡིན་པ་རེད། པ་ལི་སི་ཐན་གྱི་མི་འགའ་ཤས་སྒེར་གྱི་རོགས་རམ་ལ་བརྟེན་ནས་ཕྱི་ལོགས་སུ་བཏོན་ཐུབ་ཡོད་པའི་གནས་ཚུལ་འདུག། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བརྗོད་དོན་དུ། ནད་པ་མི་གྲངས་༢༢༩༣ དང་༼དེའི་ནང་ནས་མི་༡༤༩༨ དེ་རྨས་སྐྱོན་ཕོག་མཁན་ཡིན་པ་དང་། མི༧༩༥ ནི་ནད་གཞི་གཞན་པ་ཕོག་མཁན་ཡིན་པ་རེད། ༽ དེར་ཞབས་ཞུ་བྱེད་མཁན་རོགས་པ་མི་གྲངས་༡༦༢༥ མཉམ་གཅིག་ཏུ་གྷ་ཛ་ནས་ཐོན་ཏེ་སྨན་བཅོས་བྱེད་དུ་ཕྱིན་ཡོད་ཀྱང་། འོན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལས་ཁུངས་ཀྱིས་བརྗོད་དོན་བྱས་ན། ད་དུང་ཧ་ལམ་ནད་པ་མི་གྲངས་༨༠༠༠ ལྷག་ཙམ་ཕྱི་རྒྱལ་དུ་འགྲོ་མཁན་གྱི་སྒུག་ཐོའི་ནང་ལ་ལུས་བསྡད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

XS
SM
MD
LG