ངོ་འཕྲད་བདེ་བའི་དྲ་འབྲེལ།


བཙན་བྱོལ་དུ་གནས་པའི་བོད་རིགས་ཀྱི་གྲངས་འབོར་དེ་ཙམ་ཆེན་པོ་མེད་ཀྱང་ ཉེ་བའི་ལོ་ཤས་དུས་རིང་འཛམ་གླིང་ཡོངས་ཁྱབ་ཀྱི་ནང་ཁ་ཐོར་གནས་ཡོད་པའི་རྐྱེན་གྱིས་མི་རིགས་གཞན་དང་གཉེན་སྒྲིག་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་པ་ དང་དུས་མཉམ་དུ་ མི་རིགས་འདྲེས་པའི་བུ་ཕྲུག་གི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

བྱང་ཡུ་རོབ་ཀྱི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་སྐུ་ ཞབས་ཐུབ་བསྟན་བསམ་འགྲུབ་ལགས་གསུངས་དོན་བྱས་ན་ དབྱིན་ཇིའི་རྒྱལ་ས་ལོན་ཌོན་གཅིག་བུའི་ནང་ཕ་མ་མི་རྒྱུད་འདྲེས་མའི་བོད་མིའི་གྲངས་འབོར་གང་འཚམས་ཤིག་ཡོད་པ་རེད། བོད་དང་དབྱིན་ཇིའི་དབར་དུས་རབས་སྔ་མའི་ནང་ཕན་ཚུན་འབྲེལ་བ་བྱུང་ ཡོད་པའི་རྐྱེན་གྱིས་དབྱིན་ཡུལ་གྱི་ནང་བོད་མི་དང་མི་རིགས་གཞན་འདྲེས་པའི་གནས་ཚུལ་སྔ་ཤོས་སུ་བྱུང་ཡོད་པ་རེདྲ། དེ་དག་གི་ནང་ནས་དེ་སྔ་ ༡༩༢༥ ལོའི་ནང་དབྱིན་ཇིའི་གཞུང་ཞབས་མི་སྣ་ཞིག་དང་གཉེན་སྒྲིག་གནང་རྗེས་ དབྱིན་ཡུལ་དུ་ཕེབས་པ་རིན་ཆེན་ལྷ་མོ་ལགས་ཀྱིས་ ང་ཚོ་བོད་མི་ཞེས་པའི་དེབ་ཞིག་རྩོམ་བྲིས་གནང་ཡོད་པ་དང་ རིན་ཆེན་ལྷ་མོ་ལགས་ཀྱི་བུ་ཕྲུག་རྣམས་ནི་མི་རིགས་འདྲེས་པའི་བོད་ཕྲུག་སྔ་ཤོས་གྲས་ཡིན་པ་རེད། དེ་བཞིན་ ༡༩༣༠ གྲངས་དང་ ༡༩༤༠ གྲངས་ཀྱི་ནང་བོད་ཀྱི་ནང་གནས་བཞུགས་དབྱིན་ཇིའི་གཞུང་ཞབས་མི་སྣ་གཞན་ཁག་ཅིག་གིིས་ཀྱང་ བོད་པའི་བུད་མེད་དང་གཉེན་སྒྲིག་བྱེད་མཁན་བྱུང་ཡོད་པ་དེ་དག་གི་བུ་ཕྲུག་རྣམས་ དེང་སྐབས་ཀྱི་བར་དུ་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་མོས་གུས་བཀུར་ཞུ་མཁན་དང་ བོད་དོན་རྒྱབ་སྐྱོར་བ་གཙོ་བོའི་གྲས་ཡིན་པ་རེད།

སྐུ་ཚབ་དོན་གཅོད་སྐུ་ཞབས་ཐུབ་བསྟན་བསམ་འགྲུབ་ལགས་རང་ཉིད་ཀྱང་ མི་རིགས་འདྲེས་མའི་བུ་ཕྲུག་གི་ཕ་ཞིག་ཡིན་པ་དང་ ཁོང་གིས་གསུངས་དོན་དུ་ ད་ལྟ་མི་རིགས་འདྲེས་པའི་བོད་མིའི་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་ཀྱང་ བོད་མི་རྣམས་དེང་སྐབས་རང་ཉིད་གནས་ཡུལ་གྱི་ཕྱི་རྒྱལ་སྤྱི་ཚོགས་ཆེན་པོ་ཞིག་གི་ནང་མཉམ་གནས་དང་མཐུན་འབྲེལ་བྱེད་བཞིན་པ་དང་ རིག་གཞུང་འདྲ་མིན་དང་འབྲེལ་གཏུགས་བྱུང་བཞིན་པ་སོགས་ཀྱི་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་ འབྱུང་འགྱུར་དུས་སུ་ཕ་མ་མི་རྒྱུད་འདྲེས་འདྲེས་པའི་བོད་མིའི་གྲངས་འབོར་ཇེ་མང་དུ་འགྲོ་སྲིད་པ་རེད།

བོད་དོན་ལས་འགུལ་ལྟེ་གནས་(Tibet Action Institute)ཡི་འགོ་འཛིན་ལྷ་སྒྲོན་བཀྲེས་མཐོང་དང་ སྐར་མ་ཨེམ་རྗེའམ་ ཡོངས་གྲགས་སུ་ཤ་བག་ལེབ་ ཡུ་རོབ་ཀྱི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགོ་འཛིན་པདྨ་སྒྲོལ་མ་ དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་སྒྲིག་འཛུགས་ཀྱི་འགོ་འཛིན་པདྨ་ཡོ་ཀོ་སོགས་དང་གཞན་མང་པོ་ཞིག་ནི་བོད་མིའི་སྤྱི་ཚོགས་ཀྱི་ནང་ ཡོངས་གྲགས་ཡིན་ཀྱང་ སྤྱིར་སྟངས་གཞན་དང་འདྲེས་མེད་རང་འཚོ་བྱེད་པའི་མི་སྡེ་ཞིག་གི་ནང་ རང་ཉིད་ཀྱི་གནས་འབབ་འཛིན་རྒྱུར་ ཁོང་ཚོ་འགའ་ཞིག་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་ ཡང་འདིའི་རིགས་འགའ་ཞིག་ནི་སྤྱི་ཡོངས་བོད་མིའི་རིག་གཞུང་གི་འཚོ་བ་ནས་ལོགས་སུ་ཟུར་གནས་བྱེད་མཁན་ཡང་ཡོད་པ་རེད། དེར་བརྟེན་ཐུན་མོང་གི་མངོན་འདོད་དང་ བློ་འཚབ་ དེ་བཞིན་གདོང་ལེན་བྱེད་པའི་དཀའ་ངལ་དེ་དག་ཕན་ཚུན་བརྗེ་ལེན་དང་ མཉམ་སྤྱོད་བྱེད་རྒྱུར་དམིགས་ཏེ་ འདི་ལོ་དབྱར་ཀའི་དུས་སུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕ་མ་མི་རྒྱུད་འདྲེས་མའི་བོད་མིའི་ཚོགས་འདུ་ཐོག་མ་དེ་བསྐོང་འཚོགས་བྱེད་ཀྱི་ཡོད་པ་རེད།

ཚོགས་འདུ་འདི་གོ་སྒྲིག་གནང་མཁན་ཚོས་འདི་ག་ VOA ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན་ ཚོགས་འདུ་འདིའི་སྐོར་གནས་ཚུལ་རྒྱ་ཁབ་འགྲོ་བཞིན་པ་དང་ དོ་སྣང་ཅན་མང་པོ་ཡོད་པས་འགའ་ཞིག་གིས་ད་བར་བོད་མིའི་འདུ་འཛོམསམ་ཡང་ན་བོད་དོན་དང་འབྲེལ་བའི་ལས་དོན་གྱི་ནང་མཉམ་ཞུགས་བྱེད་མྱོང་མེད་ཀྱང་ ད་རེས་ཚོགས་འདུ་འདིའི་ཆེད་དུ་མིང་གཞུང་དེབ་བསྐྱེལ་བྱེད་ཀྱི་ཡོད་པ་རེད།

འདི་ག་ VOA ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་བསོད་ནམས་གཡང་འཛོམས་ལགས་ཀྱིས་ དེང་སྐབས་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་བོད་མིའི་སྤྱི་ཚོགས་ཀྱི་ཆ་ ཤས་བོད་རིགས་འདི་དག་གི་ངོ་བོ་དང་ ཁོང་ཚོས་བོད་མིའི་རྒྱ་ཆེའི་སྤྱི་ཚོགས་ཀྱི་ནང་འབྲེལ་བ་འཛིན་ཕྱོགས་སོགས་ཀྱི་ སྐོར་ལ་ཞིབ་འཇུག་གནང་པའི་གནས་ཚུལ་ཞིག་གསན་རོགས་གནང་།།
XS
SM
MD
LG