ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཉི་ཧོང་ལས་གཞན་ཨ་དབྱིན་ཨོ་གསུམ་གྱི་མཐུན་ཚོགས་ལ་སུ་ཞིག་འཇུག་སྲིད་དམ།


ཨ་དབྱིན་ཨོ་གསུམ་བདེ་འཇགས་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གསུམ།
ཨ་དབྱིན་ཨོ་གསུམ་བདེ་འཇགས་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གསུམ།

ཉི་ཧོང་ལས་གཞན་ཨོ་དབྱིན་ཨོ་གསུམ་གྱི་ཚོགས་ཁོངས་ལ་སུ་ཞིག་འཇུག་སྲིད་དམ།

ཨ་རི་དང་ཉི་ཧོང་གཉིས་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་བྱུང་རྗེས། ད་ལྟ་ཉི་ཧོང་དེ་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་བདེ་འཇགས་མཐུན་ཚོགས་སུ་བཅུག་ནས་ཉི་ཧོང་དེ་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་བདེ་འཇགས་མཐུན་ཚོགས་ཀྱི་རྐང་འཛིན་རིམ་པ་གཉིས་པ་ལ་འགྱུར་རྒྱུའི་བསམ་ཞིབ་བྱེད་བཞིན་པ་ཡིས་རྒྱ་ནག་ལ་བློ་འཚབ་བསླངས་ཡོད་པ་རེད། ཡིན་ན་ཡང་དབྱེ་ཞིབ་པ་ཚོས་བརྗོད་ན་ཉི་ཧོང་ལ་མཚོན་ན། ཉི་ཧོང་དེ་ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་ཚོགས་ཞུགས་སྲིད་པའི་གོ་བརྡ་ཞིག་སྤྲོད་ཐབས་ཀྱིས། རྒྱ་ནག་གིས་ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ལ་དོ་སྣང་དང་གཙུགས་ཆེན་འཛིན་རྒྱུར་ཡིད་ཆེས་བྱེད་བཞིན་པ་རེད།

༡ དམག་དོན་མཐུན་གྲོགས།

སྤྱི་ཟླ་༤་ཚེས་༡༠་ཉིན་ལ་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་ཀི་སི་དྷར་ཕོ་བྲང་དཀར་པོའི་ནང་དུ་རྒྱལ་དོན་འཚམས་གཟིགས་ལ་གདན་འདྲེན་ཞུས་ཏེ་ཨ་རི་དང་ཉི་ཧོང་དབར་ལ་དམག་དོན་མཐུན་གྲོགས་ཀྱི་གྲོས་མཐུན་བཞག་ཡོད།

བྷ་ཌན་གྱིས། ཉི་ཧོང་དང་ཨ་རི། ཨོ་གླིང་བཅས་ཀྱིས་བར་སྣང་འཕུར་མདེལ་དང་། དྲ་རྒྱའི་མ་ལག་གི་འགོག་སྲུང་བཅས་མཉམ་ལས་ཀྱིས་རྒྱ་སྐྱེད་གཏོང་བཞིན་པའི་རྒྱ་ནག་གི་ཉེན་ཁ་ལ་གདོང་ལེན་བྱ་འཆར་ཡོད་པར་བརྗོད་ཡོད་ལ། ཡང་ཨ་རི་དང་དབྱིན་ཇི། ཨོ་གླིང་བཅས་ཀྱིས་ཉི་ཧོང་དེ་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་བདེ་འཇགས་མཐུན་ཚོགས་ཀྱི་རྐང་འཛིན་རིམ་པ་གཉིས་པར་བཅུག་ནས་མཉམ་ལས་བྱེད་རྒྱུར་ད་ལྟ་བསམ་ཞིབ་བྱེད་བཞིན་པ་གསལ་སྟོན་བྱས་འདུག

སྤྱི་ཟླ་༤་ཚེས་༨་ཉིན་ལ་ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་ཚོགས་ཀྱི་ཚོགས་གཙོས་གསལ་བསྒྲགས་སྤེལ་ཏེ། ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་ཚོགས་ཀྱིས་ད་ལོ་ཚོགས་པ་རྒྱ་སྐྱེད་བཏང་ནས་ཉི་ཧོང་ཚོགས་ཁོངས་སུ་འཇུག་རྒྱུར་བསམ་ཞིབ་བྱེད་བཞིན་པ་རེད། ཡིན་ན་ཡང་གནས་ཚུལ་འདི་ཕྱི་ལ་ཐོན་རྗེས་ཨ་དབྱིན་ཨོ་གསུམ་ལ་འགྱུར་བ་ཐེབས་ཏེ་ཨ་དབྱིན་ཨོ་ཉི་བདེ་འཇགས་མཐུན་ཚོགས་སུ་འགྱུར་རྒྱུར་གོ་ནོར་ཐེབས་བཞིན་པ་རེད། དེའི་ཐད་ལ་ཨོ་གླིང་སྲིད་བློན་ཨལ་བྷ་ནི་སི་(Anthony Albanese)ཡིས་ཚེས་༩་ཉིན་ལ་གསར་འགོད་པ་ཚོར་གསལ་བཤད་བྱེད་དེ། ཉི་ཧོང་ནི་ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་གྲོགས་ཚོགས་པས་མཉམ་ལས་བྱེད་པར་འོས་ཆོས་ཚང་བའི་རྒྱལ་ཁབ་ཅིག་ཡིན་ན་ཡང་། ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་ཚོགས་ལ་ཚོགས་མི་གསར་བ་ཁ་སྣོན་བྱ་རྒྱུ་མིན་པར། རྐང་འཛིན་རིམ་པ་གཉིས་པའི་མཐུན་ཚོགས་ཤིག་ལ་གྲོས་བསྡུར་བྱེད་བཞིན་པ་རེད།

ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་བདེ་འཇགས་འཐུན་ཚོགས་ནི་ཐོག་མར་༢༠༢༡་ལོར་བཙུགས་པ་དང་། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་ཀྱི་འདོད་ཧམ་ལ་གདོང་ལེན་བྱེད་རྒྱུའི་གྲོས་མཐུན་བྱུང་བ་ལས། རྐང་འཛིན་རིགས་རིམ་པ་གཉིས་ཀྱིས་གྲུབ་པ་བྱེད་རྒྱུ་ཡང་གྲོས་མཐུན་དུ་བཀོད་པ་དང་། དེ་ལས་རྐང་འཛིན་རིམ་པ་དང་བོས་ཨོ་གླིང་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་རྡུལ་ཕྲན་ནུས་ཤུགས་ལྡན་པའི་མཚོ་འོག་དམག་གྲུ་བཟོ་རྒྱུའི་དམག་དོན་བཟོ་ལས་མཉམ་ལས་དང་། རྐང་འཛིན་རིམ་པ་གཉིས་པའི་མཐུན་ཚོགས་ཀྱིས་མྱུར་ཚད་ལྡན་པའི་མཚོན་ཆ་དང་འཕྲུལ་ཆས། མིས་བཟོས་རིག་ནུས། རང་འགུལ་མཚོན་ཆ། ཆུའི་འོག་གི་ནུས་པ། གློག་གི་དམག་འཐབ། དྲ་རྒྱའི་སྔོན་ཐོན་ནུས་པ། རྒྱལ་སྲུང་གསར་གཏོད་དང་གསང་བའི་གནས་ཚུལ་མཉམ་སྤྱོད་སོགས་དོན་ཚན་བརྒྱད་ཀྱི་ལག་རྩལ་གྲོས་མཐུན་ཞིག་གིས་གྲུབ་ཡོད་པ་རེད། སྐབས་དེ་དུས་ཉི་ཧོང་རྐང་འཛིན་པ་རིམ་པ་གཉིས་པའི་ཁོངས་སུ་འཇུག་རྒྱུའི་སྐད་ཆ་མེད།

གཉིས། ཚོང་རའི་འཐབ་ཇུས།

ཨོ་གླིང་གི་གྷི་ལི་ཧྥི་སི་སློབ་ཆེན་གྱི་དམག་དོན་དཔྱད་ཞིབ་པ་ཕེ་ཊར་ལེ་ཊོན་(Peter Layton)ལ་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་ཞུས་སྐབས་བརྗོད་དོན། ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་བདེ་འཇགས་མཐུན་ཚོགས་ཀྱི་རྐང་འཛིན་རིམ་པ་གཉིས་པ་ནི་ཧ་ཅང་མི་འདྲ་བ་ཞིག་ཡིན་པས། ཨ་རི་ལ་རྒྱལ་ཁབ་གཞན་པ་མཉམ་ཞུགས་བྱེད་པར་འབོད་འགུག་གི་ནུས་པ་ཆེན་པོ་ཞིག་བསྐྲུན་ཡོད་པ་རེད་ལ། རྐང་འཛིན་རིམ་པ་གཉིས་པའི་མཐུན་ཚོགས་ནི་ཨ་རི་དང་ལག་རྩལ་རིགས་མ་འདྲ་བ་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་ཞིག་ཡིན་པ་རེད། དེར་བརྟེན་ཉི་ཧོང་ནི་རྐང་འཛིན་རིམ་པ་གཉིས་པའི་ཁྲོད་ནས་ལག་རྩལ་མཉམ་ལས་བྱེད་མཁན་ཡིན་པ་དང་། ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་ཚོགས་ཀྱི་ཉི་ཧོང་དེ་ཚོགས་མི་གསར་བ་ཁ་སྣོན་བྱེད་པ་མཚོན་གི་ཡོད་མི་འདུག

ཁོང་གིས། དེ་ནི་ཚོང་རའི་འཐབ་ཇུས་དང་འདྲ་ལ། དང་ཐོག་གི་འཆར་འགོད་དང་ཅུང་མི་འདྲ་བའི་རྣམ་པ་ཡོད། ངས་ལྟས་ན་ཐ་ན་རྐང་འཛིན་རིམ་པ་གཉིས་པར་མཉམ་ཞུགས་ཆུང་ཆུང་རེ་བྱེད་རྒྱུའི་གོ་སྐབས་མ་གཏོགས་རག་གི་མེད་ཀྱང་། ད་དུང་རྒྱལ་ཁབ་གཞན་པ་མང་པོ་འདིའི་ནང་ལ་མཉམ་ཞུགས་བྱེད་འདོད་ཡོད་པ་ཤེས་རྟོགས་བྱུང་རྗེས་ཨ་རི་མཚར་སྣང་སྐྱེས་བཞིན་ཡོད་ངེས་ཞེས་བརྗོད་འདུག ཡིན་ན་ཡང་ཉི་ཧོང་གི་མཉམ་ཞུགས་ནི་གནས་སྟངས་བྱེ་བྲག་པར་བརྟེན་ནས་ཐག་གཅོད་བྱས་པ་ཞིག་ཡིན་སྲིད་པ་དང་། ཨ་རི་དང་ཨོ་གླིང་གིས་ཆེད་དུ་འདེམས་སྒྲུག་བྱས་པའི་དམིགས་བསལ་ཞིག་ཆགས་བཞིན་པ་རེད། ཉི་ཧོང་དེ་ཨ་དབྱིན་ཨོ་གསུམ་གྱི་མཐུན་གྲོགས་ལས་གཞིའི་ཁོངས་སུ་བླངས་པ་དེ་ནི་ཁོང་ཚོའི་ཕྱི་འབྲེལ་གྱི་གཟི་བརྗིད་ཅིག་ཏུ་འགྱུར་སྲིད་པ་རེད། གནས་ཚུལ་འདི་ཕྱི་བསྒྲགས་ལས་རྒྱ་ནག་བློ་འཚབ་སྐྱེས་བཞིན་པ་དང་། རྒྱ་ནག་གིས་ད་གཟོད་ཉི་ཧོང་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོར་འཛིན་ངེས་པར་ཡིད་ཆེས་བྱེད་བཞིན་པ་སྟེ། ཁོང་གིས། ཉི་ཧོང་དེ་ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་ཚོགས་ཁོངས་སུ་འཇུག་རྒྱུ་དེ་ནི་གོ་བརྡ་སྤྲོད་པའི་ཐབས་ལམ་ཞིག་ཡིན་ཞེས་བརྗོད་འདུག

གསུམ། རྒྱ་ནག་གི་ཉེན་བརྡ།

རྒྱ་ནག་གི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱལ་ཁབ་ཁག་ཅིག་གིས་ས་གནས་ཀྱི་བདེ་འཇགས་ལ་བསམ་བློ་མ་བཏང་བར་དཔུང་སྒྲིག་ཕྱོགས་འཐེན་བྱེད་ཀྱི་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཚུལ་དང་ལྷག་པར་དུ་ཉི་ཧོང་གིས་འདས་པའི་ལོ་རྒྱུས་ལ་མནོ་བསམ་བཏང་སྟེ་དམག་དོན་དང་བདེ་འཇགས་མཉམ་འབྲེལ་གྱི་མཐུན་ཚོགས་ཁག་ལ་མ་ཞུགས་ན་ལེགས་ཞེས་བརྗོད་ཡོད། རྒྱ་ནག་དམར་ཤོག་གཞུང་གི་བཅིངས་གྲོལ་དམག་གི་གསར་ཤོག་ཅེས་པས་ལྷོ་ནུབ་མཚོ་གླིང་ཕྱོགས་སུ་མཚོ་འགག་བདུན་པ་ལ་ལམ་ཁྲིད་འཕུར་མདེལ་གསར་འཛུགས་བྱེད་ཡོད་ཚུལ་གསར་འགྱུར་བཀོད་དེ་ཉི་ཧོང་གིས་ལྷོ་ནུབ་མཚོ་གླིང་དུ་དམག་སྟོབས་ཇེ་ཆེར་གཏོང་གི་ཡོད་པའི་དོགས་སོན་དང་ཉེན་བརྡ་བཏང་ཡོད། འདིའི་ཐད་ལ་དམག་དོན་དཔྱད་ཞིབ་པ་ཕེ་ཊར་ལེ་ཊོན་(Peter Layton)གྱིས་ཉི་ཧོང་དེ་གལ་ཏེ་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་བདེ་འཇགས་མཐུན་ཚོགས་ཀྱི་ཁོངས་སུ་ཞུགས་པ་ཡིན་ཡང་། དེ་ཡིས་ཉི་ཧོང་གིས་རྒྱ་ནག་དང་མཉམ་དུ་དམག་དོན་འགྲན་སྡུར་བྱེད་ཐབས་མེད་པ་དང། དེ་ལས་ལྡོག་ཏེ་ཉི་ཧོང་གིས་ཨ་རི་དང་ཐག་ཉེར་བཏང་ནས་རྒྱ་ནག་ལ་སྐུལ་སློང་གི་བརྡ་བཏང་བའི་ཕྱི་འབྲེལ་གྱི་བྱེད་ཐབས་ཤིག་ཡིན་པ་བརྗོད་འདུག

བཞི། ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་ཚོགས་སུ་ལྷོ་ཀོ་ཡ་འཇུག་སྲིད་དམ།

ཚེས་༩་ཉིན་ལ་ལྷོ་ཀོ་རི་ཡའི་ཟླ་སྒྲིལ་ལྷན་ཁང་གིས་བརྗོད་ན། ཨ་དབྱིན་ཨོ་གསུམ་གྱིས་ཉི་ཧོང་དང་མཉམ་ལས་བྱེད་འདུན་གྱི་གནས་ཚུལ་དེའི་སྐོར་ནས་སྔ་ནས་ལྷོ་ཀོ་རི་ཡའི་གཞུང་ལ་ནང་དོན་ཞིབ་ཕྲ་བཤད་ཡོད་པ་རེད། ཡང་དབྱེ་ཞིབ་པ་ཚོས་བརྗོད་ན་འདི་ནི་ཨ་དབྱིན་ཨོ་གསུམ་གྱི་མཉམ་འབྲེལ་བདེ་འཇགས་མཐུན་གྲོགས་ཀྱི་ཁོངས་སུ་ལྷོ་ཀོ་རི་ཡ་ཡང་འཇུག་སྲིད་པའི་མཚོན་རྟགས་ཤིག་ཡིན་པ་རེད། མ་གཞི་ནས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་གཞོན་པ་(Kurt Campbell) ཡིས་བརྗོད་ན། ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་གྲོགས་ཁོངས་སུ་རྒྱ་གར་རྒྱ་མཚོའི་མངའ་ཁོངས་ཀྱི་རྒྱལ་ཁབ་མང་པོ་མཉམ་ཞུགས་བྱེད་སྲིད་པ་རེད།

ཐེ་ཐན་རྒྱལ་སྲུང་བདེ་འཇགས་ཞིབ་འཇུག་ཁང་གི་རྒྱལ་སྲུང་ཞིབ་འཇུག་ལས་རོགས་ཝང་ཙུང་ཡཱན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་བྱེད་ན། དོན་དངོས་ཐོག་ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཐུན་ཚོགས་ཀྱིས་ལྷོ་ཀོ་རི་ཡར་སྔ་ས་ནས་རྐང་འཛིན་རིམ་པ་གཉིས་པའི་ཁོངས་སུ་འབོད་འགུག་བྱས་ཟིན་ཡོད་ངེས་རེད། དེའི་རྐྱེན་གྱིས་ད་ལྟ་རྐང་འཛིན་རིམ་པ་གཉིས་པའི་ནང་དུ་ཨ་དབྱིན་ཨོ་གསུམ་གྱིས་མཉམ་ལས་བྱེད་འདོད་ས་དེ་ཉི་ཧོང་ཁོ་ན་མིན་པ་རེད།

ཁོང་གིས། ཨ་དབྱིན་ཨོ་གསུམ་བདེ་འཇགས་མཐུན་གྲོགས་ཀྱིས་རྒྱལ་སྤྱིའི་ནུས་ཤུགས་མཉམ་སྤྱོད་ཀྱི་ཞིབ་འཇུག་དང་ཞིབ་འཇུག་འཕེལ་རྒྱས་གཏོང་བར་བསམ་བློ་ཡོད་པ་དོན་དངོས་ཡིན་པ་རེད། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལ་ཡང་མཉམ་འབྲེལ་གྱི་ནུས་པ་དངོས་གནས་ཡོད། དེའི་རྐྱེན་གྱིས་ཉི་ཧོང་དེ་ཨ་དབྱིན་ཨོ་གསུམ་གྱི་རྐང་འཛིན་པ་དང་བོའི་ནང་དུ་ཚུད་དགོས་དོན་མེད་ཅེས་བརྗོད་འདུག་ལ། ཡང་ཁོང་གིས་མུ་མཐུད་དུ་བརྗོད་རྒྱུར། གལ་ཏེ་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཨ་དབྱིན་ཨོ་གསུམ་གྱི་རྐང་འཛིན་རིམ་པ་གཉིས་པར་ཞུགས་རྒྱུར་ཐག་གཅོད་བྱས་ན་ཡང་། དུས་ཚོད་ཀྱི་ཆ་ནས་ལམ་སེང་ཡོང་ཐུབ་པ་ཞིག་མིན་པ་སྟེ། རྒྱ་ནག་གིས་ཨ་དབྱིན་ཨོ་གསུམ་གྱི་མཐུན་ཚོགས་ནི་རྒྱ་ནག་ལ་ཁ་གཏད་བཅག་བཞིན་པར་ངོས་འཛིན་ཡོད་ལ། ཡང་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་རྒྱ་ནག་དང་མཉམ་དུ་རྒྱལ་ཁབ་གསུམ་གྱི་མཐུན་ཚོགས་ཤིག་ཡོང་བར་གྲོས་བསྡུར་བྱ་འཆར་ཡོད། སྤྱི་ཟླ་༥་ཚེས་༢༦་དང་༢༧་ལ་ལྷོ་ཀོ་རི་ཡས་གཙོ་སྐྱོང་གིས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་ཚོས་ལྷན་ཚོགས་ཤིག་སྐྱོང་འཆར་ཡོད་པས། ད་ལྟ་ལམ་སེང་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀྱིས་ཨ་དབྱིན་ཨོ་གསུམ་གྱི་མཐུན་ཚོགས་སུ་མཉམ་ཞུགས་བྱེད་འདོད་ཡོད་ཅེས་བསྒྲགས་ཁག་པོ་ཆགས་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG