ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

ཊིག་ཊོག་བཀག་སྡོམ་ཁྲིམས་འཆར་ལ་ལན་འདེབས།


ཊིག་ཊོག་བཀག་སྡོམ་བྱེད་རྒྱུའི་ཁྲིམས་འཆར་ལ་ངོ་རྒོལ་བྱེད་མཁན།
ཊིག་ཊོག་བཀག་སྡོམ་བྱེད་རྒྱུའི་ཁྲིམས་འཆར་ལ་ངོ་རྒོལ་བྱེད་མཁན།

ཨ་རིའི་ནང་དུ་ཊིག་ཊོག་(TikTok)བེད་སྤྱོད་བྱེད་མི་ཆོག་པའི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་འོག་མས་མང་མོས་བྱུང་བར་ཊིག་ཊོག་གི་ཚོང་བདག་ཀྲའུ་ཧྲུ་ཙི་(Shou Zi Chew)ཡིས་བློ་ཕམ་ཡོད་སྐོར་ཊིག་ཊོག་མཉེན་ཆས་ཐོག་ལ་བརྙན་ཞིག་སྤེལ་སོང་། འདི་ནི་སྤྱི་ཟླ་༣་ཚེས་༡༣་ཉིན་ལ་༼ཨ་རི་བ་ཕྱི་དགྲའི་འོག་ནས་སྐྱོབས་པའི་ཁྲིམས་ཡིག་༽(Protecting Americans From Foreign Adversary Controlled Applications Act)ཅེས་པར་ཨ་མེ་རི་ཀའི་གྲོས་ཚོགས་འོག་མར་གྲོས་ཚོགས་འཐུས་མི་༣༥༢་ཀྱིས་རྒྱབ་སྐྱོར་གྱི་འོས་ཤོག་བླུགས་པ་དང་། འཐུས་མི་༦༥་ཡིས་ངོ་རྒོལ་གྱི་འོས་ཤོག་བླུགས་ཏེ། མང་མོས་ཀྱིས་ཊིག་ཊོག་ཨ་རིའི་ནང་ལ་བཀག་སྡོམ་བྱེད་རྒྱུའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་པ་དེར་ལན་འདེབས་བྱེད་པ་ཞིག་ཆགས་འདུག

ད་ལྟའི་རྒྱུགས་ཆེ་བའི་དྲ་བརྙན་སྤེལ་སའི་ཊིག་ཊོག་མཉེན་ཆས་དེ་ཨ་རིའི་མངའ་ཁོངས་སུ་བཀོལ་སྤྱོད་བྱེད་མི་ཆོག་པའི་ཁྲིམས་འཆར་དེའི་ནང་དུ། གལ་ཏེ་ཊིག་ཊོག་གིས་ཁོ་ཚོའི་ཚོང་བདག་ཨ་མ་རྒྱ་ནག་ཏུ་རྟེན་གཞི་བྱེད་ཡོད་པ་བྷེ་ཌི་ཌན་སི་ལས་ལོགས་སུ་ཐོན་ནས་བྷེ་ཌི་ཌན་སི་ཡི་བདག་དབང་ཕྱིར་བསྡུ་མ་བྱེད་པ་་ཡིན་ན། ཨ་རིའི་གཞུང་གིས་བཀག་སྡོམ་བྱེད་རྒྱུའི་བཀའ་རྒྱ་བསྒྲགས་ཡོད་པ་དང་འདི་ནི་ཨ་རིའི་སྲིད་འཛིན་ཌམ་གཞུང་འཛིན་གྱི་རྗེས་སུ་ཊིག་ཊོག་ལ་འཕྲད་པའི་ཉེན་ཁ་ཆེ་ཤོས་དེ་ཆགས་འདུག

ཊིག་ཊོག་གི་ཚོང་བདག་ལ་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་འཚོགས་སྐབས།
ཊིག་ཊོག་གི་ཚོང་བདག་ལ་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་འཚོགས་སྐབས།

ཊིག་ཊོག་གི་ཚོང་བདག་ཀྲའུ་ཧྲུ་ཙི་(Shou Zi Chew)ཡིས་བརྙན་དེའི་ནང་། གལ་ཏེ་ཨ་རིའི་ནང་ཊིག་ཊོག་བེད་སྤྱོད་བྱེད་མི་ཆོག་པའི་ཁྲིམས་འཆར་དེ་ཁྲིམས་སུ་གྱུར་ན། ཨ་རིའི་ནང་དུ་གསར་གཏོད་པ་དང་ཁེ་ལས་ཆུང་ཚགས་གཉེར་མཁན་ཚོར་ཨ་སྒོར་དུང་ཕྱུར་བཅུ་ཕྲག་གི་གྱོང་གུད་ཐེབས་རྒྱུ་ཡིན་པ་མ་ཟད། ཨ་རིའི་མི་འབུམ་གསུམ་ཙམ་གྱི་ལས་ཀ་ཤོར་རྒྱུའི་ཉེན་ཁ་ཡོད་ཅེས་བརྗོད་འདུག་ལ། ད་དུང་ཊིག་ཊོག་གིས་ཨ་རིའི་ནང་དུ་བེད་སྤྱོད་གཏོང་མཁན་ས་ཡ་༡༧༠་ལ་རང་དབང་ལོངས་སུ་སྤྱོད་པའི་སྡིངས་ཆ་ཞིག་བསྐྲུན་ཡོད་པ་དང་ཨ་རིའི་ཁེ་ལས་ཁང་འབུམ་བདུན་ལ་གསོན་ཤུགས་བསྩལ་ཡོད་ཅེས་བརྗོད་དེ་གལ་ཏེ་ཨ་རིའི་ནང་ལ་ཊིག་ཊོག་བཀག་པ་ཡིན་ན་ཨ་རིའི་ནང་གི་ཁེ་ལས་ཆུང་ཆུང་གཉེར་མཁན་མང་པོའི་འཚོ་གནས་ལ་དཀའ་ངལ་འཕྲད་རྒྱུ་དང་ལྷག་པར་དུ་སློབ་མ་ཁྲི་ཚོ་ཡོད་སའི་དགེ་རྒན་ཚོར་མཚོན་ན་ཡང་ཊིག་ཊོག་དེ་གལ་ཆེན་པོ་ཆགས་ཡོད་ཚུལ་ཀྱང་གླེང་སློང་གིས་ཊིག་ཊོག་ཁེ་ལས་ཁང་གིས་མུ་མཐུད་དུ་ཁྲིམས་འཆར་དེར་ཁྲིམས་ཐོག་ནས་གདོང་ལེན་དང་ངོ་རྒོལ་བྱ་རྒྱུ་ཡིན་པ་བསྟན་འདུག

ཡིན་ན་ཡང་ཨ་རིའི་གྲོས་ཚོགས་སུ་འཐུས་མི་གྲངས་ཉུང་ཤས་ཤིག་གིས་དེ་ནི་སྨྲ་བརྗོད་རང་དབང་ཚད་བཀག་བྱེད་པ་ཡིན་པར་སྐྱོན་བརྗོད་ཡོང་བར་བློ་འཚབ་བྱེད་བཞིན་ཡོད་ཀྱང་། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོགས་ཚོགས་འཐུས་མི་ཚོས་ཁྲིམས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོབ་པར་བསྔགས་བརྗོད་བྱེད་བཞིན་འདུག

ཊིག་ཏོག་བཀག་སྡོམ་བྱེད་དགོས་པར་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་ཏུ་ཡོད་པའི་ཊིག་ཊོག་གི་བདག་པོ་ཁེ་ལས་ཁང་བྷེ་ཌི་ཌན་སི་ཡིས་མཉེན་ཆས་དེ་བེད་སྤྱོད་བྱེད་མཁན་ཚོའི་ཡིག་ཆ་རྣམས་རྒྱ་ནག་དམར་ཤོག་གཞུང་ལ་མཁོ་སྤྲོད་བྱེད་བཞིན་པར་སེམས་ཁྲལ་བྱེད་བཞིན་པ་དང་། ཡང་རྒྱ་ནག་གཞུང་གིས་ཊིག་ཊོག་བེད་སྤྱོད་ཀྱིས་ཨ་རིའི་ནང་གི་གཏམ་བརྗོད་ཀྱི་ཁོར་ཡུག་ལ་ཚད་བཀག་དང་། ཨ་རིའི་འོས་བསྡུར་ཤུགས་རྐྱེན་ཐེབས་ཐབས་དང་སྦྲགས། ད་དུང་ཊིག་ཊོག་བེད་སྤྱོད་ཀྱིས་ཨ་རིའི་ན་གཞོན་རྣམས་བརྙན་ཐུང་གི་སྡིངས་ཆ་དེའི་ནང་མགོ་འཐོམས་པར་བཟོས་ཏེ། སེམས་ཁམས་བདེ་ཐང་ལ་གནོན་སྐྱོན་ཐེབས་ཀི་ཡོད་པ་སོགས་བློ་འཚབ་བྱེད་བཞིན་པ་རེད།

དེ་ལྟར་རུང་ཡང་གྲོས་ཚོགས་འཐུས་མི་ཚོས་བརྗོད་ན་ཨ་རིའི་ན་གཞོན་མང་པོས་ཁོ་ཚོའི་ལས་ཁུངས་སུ་ཁ་པར་བཏང་ཡོང་ནས་ཊིག་ཊོག་བེད་སྤྱོད་བྱེད་མི་ཆོག་པར་བཟོ་རྒྱུར་ངོ་རྒོལ་ཡོད་པར་ཞུ་བཞིན་པ་རེད། གྲོས་ཚོགས་སུ་འོས་ཤོག་མ་བླུགས་པའི་སྔོན་ལ་ཊིག་ཊོག་བེད་སྤྱོད་བྱེད་མཁན་ན་གཞོན་བཅུ་ཕྲག་ཁ་ཤས་ཨ་རིའི་གྲོས་ཚོགས་ཕྱི་རུ་འཛོམས་ནས་ཁྲིམས་འཆར་དེར་ངོ་རྒོལ་བྱས་ཡོད། དེ་བཞིན་ཊིག་ཊོག་ཁེ་ལས་ཁང་གི་མགྲིན་ཚབ་པས་བརྗོད་ན་རྒྱལ་ས་ཝ་ཤིན་ཀྲོན་དུ་འགྲོ་མཁན་ངོ་རྒོལ་བ་དེ་དག་གི་ལམ་གྲོན་དང་སྡོད་གནས་ཀྱི་འགྲོ་གྲོན་སོགས་ཊིག་ཊོག་ཁེ་ལས་ཁང་གིས་བཏང་ཡོད་འདུག

ཊིག་ཊོག་བཀག་སྡོམ་བྱེད་རྒྱུའི་ཁྲིམས་འཆར་ལ་ངོ་རྒོལ་བྱེད་མཁན།
ཊིག་ཊོག་བཀག་སྡོམ་བྱེད་རྒྱུའི་ཁྲིམས་འཆར་ལ་ངོ་རྒོལ་བྱེད་མཁན།

ངོ་རྒོལ་དེའི་ནང་གི་ལོ་ན་༢༣་ཅན་མཱོ་ན་སེཝན་(Mona Swain)གྱིས། སློབ་ཆེན་དུ་རོལ་དབྱངས་ཆེད་སྦྱོང་བྱེད་བཞིན་པའི་སྐབས་ཀྱི་སྤྱི་ལོ་༢༠༡༩་ལོར་ཊིག་ཊོག་བེད་སྤྱོད་བྱེད་མགོ་བཙུགས་པ་དང་། ད་ལྟ་ཊིག་ཊོག་ཏུ་ཆེད་ལས་བརྙན་བཟོ་མཁན་ཡིན་པ་མ་ཟད། དེའི་ཡོང་འབབ་ཀྱིས་རང་གི་ཨ་མའི་བུ་ལོན་དང་། རང་གི་གཅེན་གཅུང་གཉིས་ཀྱི་སློབ་ཡོན་སོགས་སྤྲོད་ཐུབ་ཀི་ཡོད་པ་རེད། སེཝན་གྱིས། ཁྲིམས་འཆར་དེ་ཡིས་མི་མང་པོའི་ལས་ཀ་ཤོར་དུ་མཇུག་རྒྱུ་རེད། དེ་ནི་འཇིགས་སུ་རུང་བའི་ཆ་དེ་རེད། ཅེས་བརྗོད་འདུག

ཡང་ཊིག་ཊོག་བེད་སྤྱོད་པ་(Duke Alexander Moore)མའུ་རི་ཡིས་བརྗོད་ན་ཁོང་ཁྱིམ་མེད་པའི་མི་ཞིག་ནས། ཁྲལ་བསྡུའི་ཁེ་ལས་བཙུགས་ནས་ལས་མི་༡༧་གླ་ཐུབ་ཡོད་པའི་ཁེ་ལས་པ་ཞིག་ཏུ་གྱུར་བ་ནི་ཁོས་ཊིག་ཊོག་གི་སྡིངས་ཆ་བརྒྱུད་དེ་ཁྲལ་བསྡུའི་ལས་དོན་རྒྱ་ཁྱབ་སྤེལ་ཏེ་མཐར་མགྲིན་ཚབ་པར་གྱུར་བ། ཁོས་ཁེ་ལས་པ་ཆུང་ཆུང་མང་པོའི་ཚབ་བྱེད་དེ། ཁྲིམས་འཆར་དེ་ཡིས་ཁེ་ལས་ཆུང་ཚགས་གཉེར་མཁན་ཚོར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་བརྗོད་འདུག

ཁྲིམས་འཆར་འདི་ནི་རྒྱ་ནག་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཆེད་དུ་ཨ་མེ་རི་ཀའི་ཐབས་ལམ་གསར་ཤོས་གྲས་ཡིན་ལ། ཐབས་ལམ་དེ་ཚོའི་ནང་དུ་རླངས་འཁོར་ནས་མིས་བཟོས་རིག་ནུས་ཀྱི་ཅིབ་ལེབ། ཐ་ན་ཨ་རིའི་མཚོ་འགག་ཁག་གི་ལྗིད་འདེགས་འཕྲུལ་ཆས་སོགས་ཀྱང་ཚུད་ཡོད་པ་རེད།

ཊིག་ཊོག་གིས་ཉེ་སྔོན་བརྗོད་པའི་སྐད་ཆའི་ནང་ལ། ཁོ་ཚོས་དེ་སྔོན་ཊིག་ཊོག་བེད་སྤྱོད་གཏོང་མཁན་ཚོའི་ཡིག་ཆ་རྒྱ་ནག་ལ་སྤྲད་མྱོང་མེད་ལ་མ་འོངས་པ་ཡང་སྤྲོད་འཆར་མེད་པ་གསལ་སྟོན་བྱས་ཤིང་། ཨ་རིའི་གྲོས་ཚོགས་ཁྲིམས་འཆར་དེ་ཡིས་ཊིག་ཊོག་གི་སྤྱོད་སྒོ་རྣམས་བཀག་སྡོམ་བྱས་པ་དང་གཅིག་མཚུངས་ཡིན་པ་མ་ཟད། ཡང་རྒྱ་ནག་གཞུང་གིས་ཊིག་ཊོག་གི་སྤྱོད་སྒོ་རྣམས་བཙོང་རྒྱུའི་ཆོག་མཆན་སྤྲོད་མིན་དང་འབྱུང་འགྱུར་ཟླ་དྲུག་གི་ནང་ལ་ཊིག་ཊོག་བདག་པོ་བྷེ་ཌི་ཌན་སི་ཕྱིར་བསྡུ་བྱེད་ཐུབ་མིན་སོགས་ཀྱི་སྐོར་ནས་གསལ་བཤད་བྱེད་ཐུབ་མེད་ཚུལ་བརྗོད་ཡོད།

གཟའ་ལྷག་པའི་ཉིན་ལ་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་འཆར་འདི་གཏན་འབེབས་མ་བྱས་གོང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Wang Wenbin )ཝང་ཝིན་པེན་གྱིས་ཨ་རིས་ཊིག་ཊོག་ལ་དྲག་གནོན་དང་བརྙས་བཅོས་བྱེད་རབས་ཀྱི་སྐྱོན་བརྗོད་བྱས། ཁོས། ཉེ་བའི་ལོ་ཤས་ནང་ལ། ཨ་རིས་ཊིག་ཊོག་དེ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་ཡོད་པའི་བདེན་དཔང་རག་མེད་ཀྱང་། ཊིག་ཊོག་བཀག་སྡོམ་བྱེད་རྒྱུར་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་བྱེད་མེད། ཅེས་བརྗོད་འདུག

གླེང་སྟེགས།

XS
SM
MD
LG