ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༡༥

ཋེ་ཁི་ཋོ་ཁི་དང་འབྲེལ་བའི་ཁྲིམས་འཆར་གསར་བ།


རྒྱ་ནག་གི་དྲ་རྒྱའི་སྙི་ཆས་ཋེ་ཁི་ཋོ་ཁི་TikTokཅེས་པ་ནི་དྲ་ལམ་དུ་བརྙན་ཐུང་གི་རིགས་སྤེལ་སའི་སྙི་ཆས་ཤིག་ཡིན་པ་དང་། ཨ་རིའི་ནང་དུ་སྙི་ཆས་འདི་བེད་སྤྱོད་གཏོང་མཁན་གྱི་མི་གྲངས་དུང་ཕྱུར་༡་དང་བྱེ་བ་༧་ལྷག་ཡོད་པ་རེད། ད་སྔ་ཨ་རིའི་སྲིད་དོན་པའི་སྡེ་རུ་རྒྱ་ནག་གི་དྲ་རྒྱའི་སྙི་ཆས་ཋེ་ཁི་ཋོ་ཁི་ཅེས་པ་འདིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་སློང་གི་ཡོད་པའི་གླེང་སློང་མང་པོ་བྱུང་བཞིན་པ་དང་། ཋེ་ཁི་ཋོ་ཁི་ཅེས་པ་ནི་རྒྱ་ནག་གི་སྤྱི་གཉེར་ཁང་བྷད་ཁྲི་སྦྲན་སི་ByteDance་ཅེས་པའི་ཡན་ལག་སྤྱི་གཉེར་ཁང་ཞིག་ཡིན་པ་དང་། སྤྱི་གཉེར་ཁང་གཙོ་བོ་འདི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པས་ན། གལ་ཏེ་ཋེ་ཁི་ཋོ་ཁི་སྤྱི་གཉེར་ཁང་འདིའི་ཁྱབ་ཁོངས་ནས་ལོགས་སུ་མ་ཐོན་ཚེ་ཨ་རིའི་ནང་དྲ་རྒྱའི་སྙི་ཆས་འདི་ཡོངས་སུ་བཀག་སྡོམ་བྱ་སྲིད་པའི་ཉེན་བརྡ་བཏང་འདུག

ཉེ་ཆར་སྤྱི་ཟླ་༣་པའི་ཚེས་༥་ཡི་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་གནད་དོན་ཐད་ཀྱི་དམིགས་བསལ་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་མཱད་ཁི་གྷ་ལི་གྷིར་དང་། ལྷན་ཚོགས་འདིའི་ཁོངས་མི་དམངས་གཙོ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་རཱ་ཇཱ་་ཁི་རོས་ཞིས་ནཱ་མོར་སི་གཉིས་ཀྱིས་ཋེ་ཁི་ཋོ་ཁི་དང་འབྲེལ་བའི་ཁྲིམས་འཆར་ཞིག་བཏོན་པ་དང་། ཁྲིམས་འཆར་དེའི་ནང་དོན་གཙོ་བོ་ནི་ཕྱིའི་རྒྱལ་ཁབ་ཀྱི་ཚོད་འཛིན་དང་ཤུགས་རྐྱེན་གྱི་འོག་ཏུ་ཡོད་པའི་དྲ་རྒྱའི་བཀོལ་སྤྱོད་སྙི་ཆས་ཀྱི་རིགས་ཨ་རིར་བེད་སྤྱོད་གཏོང་རྒྱུར་བཀག་སྡོམ་བྱ་རྒྱུ་དེ་ཡིན་ཞིང། ཁྲིམས་འཆར་གསར་བ་དེའི་མིང་ལ། ཨ་རིའི་མིས་བེད་སྤྱོད་གཏོང་བཞིན་པའི་བཀོལ་སྤྱོད་སྙི་ཆས་ལ་ཁ་གཏད་རྒྱལ་ཁབ་གཞན་གྱིས་ཚོད་འཛིན་མི་ཐེབས་རྒྱུར་སྲུང་སྐྱོབ་བྱ་ཐབས་ཀྱི་ཁྲིམས་གཞི་ཅེས་བཏགས་འདུག། ཁྲིམས་འཆར་འདིའི་ཁ་གཏད་ཡུལ་གྱི་དྲ་རྒྱའི་སྙི་ཆས་ཀྱི་ཁོངས་སུ་རྒྱ་ནག་གི་བྷད་ཁྲི་སྦྲན་སི་ByteDance་ཅེས་པ་དང་། ཋེ་ཁི་ཋོ་ཁི་TikTokཅེས་པ་གཉིས་ཀྱང་ཚུད་འདུག

ཁྲིམས་འཆར་འདིའི་ནང་དོན་ལྟར་ན་ཁྲིམས་གཞི་འདི་དངོས་སུ་གཏན་འབེབས་བྱས་པའི་རྗེས་ཀྱི་ཉིན་གྲངས་༡༨༠་ཡི་རྗེས་ལ། གོང་གི་སྙི་ཆས་འདི་གཉིས་ཚུད་པའི་ཕྱིའི་རྒྱལ་ཁབ་ཀྱི་ཚོད་འཛིན་འོག་ཏུ་ཡོད་པའི་དྲ་རྒྱའི་བཀོལ་སྤྱོད་སྙི་ཆས་དག་ཨ་རིར་མུ་མཐུད་ནས་བེད་སྤྱོད་གཏོང་ཐབས་མེད་པ་བྱ་རྒྱུ་རེད། ཁྲིམས་འཆར་འདིར་རྒྱུས་ཡོད་པའི་ཨ་རིའི་གྲོས་ཚོགས་ཀྱི་མི་སྣས་བཤད་པ་ལྟར་ན། དྲ་རྒྱའི་སྙི་ཆས་འདི་དག་ལ་ཚོད་འཛིན་བྱེད་མཁན་ཁ་གཏད་རྒྱལ་ཁབ་དག་གིས། ང་ཚོའི་མིས་བརྒྱུད་ལམ་འདི་དག་ལ་བཏོན་པའི་དན་གྲངས་དང་། བརྡ་འཕྲིན་རིགས་བརྒྱུད་ནས་ཨ་རིའི་མི་ལ་ལྟ་རྟོག་དང་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་པ་རེད། ཁྲིམས་འཆར་འདི་དངོས་སུ་གཏན་འབེབས་བྱུང་ཚེ་ཁྲིམས་གཞིའི་ནང་དོན་ལྟར། ཋེ་ཁི་ཋོ་ཁི་ཅེས་པའི་སྙི་ཆས་འདིའི་དོ་དམ་དབང་ཆ་བྷད་ཁྲི་སྦྲན་སི་ByteDanceཅེས་པའི་སྤྱི་གཉེར་ཁང་གི་ཡན་ལག་ནས་རྦད་དེ་ལོགས་སུ་ཐོན་མ་ཐུབ་ཚེ། མ་འོངས་བར་ཋེ་ཁི་ཋོ་ཁི་ཅེས་པའི་སྙི་ཆས་འདི་ཨ་རིའི་ཁ་པར་གྱི་བཀོལ་སྤྱོད་བསྒྲིགས་རིམ་གྱི་སྙི་ཆས་ཚོང་ར་ནས་ཕྱིར་ཕུད་རྒྱུ་ཡིན་པ་དང་། དེ་ལྟར་བྱས་ཚེ་ཁ་པར་གྱི་བཀོལ་སྤྱོད་མ་ལག་ཙམ་མ་ཟད་ཨ་རིར་ཡོད་པའི་དྲ་རྒྱའི་རྣམ་པའི་ཞབས་ཞུའི་ལས་རིགས་མཐའ་དག་ཀྱང་ཡོངས་སུ་མཚམས་འཇོག་བྱ་དགོས་པ་རེད།

ཁྲིམས་གཞི་འདི་ནི་ཨ་རིའི་ཁ་གཏད་དུ་གྱུར་བའི་རྒྱལ་ཁབ། རྒྱ་ནག་དང་། ཨུ་རུ་སུ། ཨི་རན། བྱང་ཁོ་རེ་ཡ་སོགས་ཡིན་པ་དང་། ཁྲིམས་གཞིའི་ནང་ཐད་ཀར་མིང་འདོན་བྱས་ཡོད་པའི་སྤྱི་གཉེར་ཁང་ལ། བྷད་ཁྲི་སྦྲན་སི་ByteDance་དང་ཋེ་ཁི་ཋོ་ཁི་TikTok་གཉིས་ཡོད་ཅིང་། ནང་དོན་ཤོག་ངོས་༡༢་ཅན་གྱི་ཁྲིམས་གཞི་འདིར་ད་སྔ་ཨ་རིའི་དམངས་གཙོ་སྲིད་དོན་ཚོགས་པ་དང་། སྤྱི་མཐུན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་༡༧་གྱིས་མཉམ་འབྲེལ་ཐོག་རྒྱབ་སྐྱོར་ཐོབ་འདུག། འདས་པའི་ལོ་ངོ་ཁ་ཤས་ཀྱི་ནང་དུ་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་གི་ཋེ་ཁི་ཋོ་ཁི་ཅེས་པའི་སྙི་ཆས་འདིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་སློང་གི་ཡོད་མེད་ཐད་ཉན་ཞིབ་ཚོགས་འདུ་ཐེངས་ཁ་ཤས་ལ་འཚོགས་ཅིང་། ད་ཐེངས་གི་ཁྲིམས་འཆར་འདི་ནི་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་སྙི་ཆས་འདིར་བཀག་སྡོམ་བྱ་ཐབས་ཀྱི་ལས་དོན་གསར་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་གནད་དོན་ཐད་ཀྱི་དམིགས་བསལ་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་མཱད་ཁི་གྷ་ལི་གྷིར་གྱིས་གསལ་བསྒྲགས་སྤེལ་བའི་ནང་དུ། ཨ་རིའི་ཁ་གཏད་དུ་གྱུར་བའི་རྒྱལ་ཁབ་གཙོ་བོ་ཞིག་ལ་ཨ་རིའི་ནང་བེད་སྤྱོད་ཤུགས་ཆེན་པོ་གཏོང་བཞིན་པའི་སྙི་ཆས་ཞིག་ཚོད་འཛིན་བྱེད་དུ་འཇུག་མི་རུང་། ཋེ་ཁི་ཋོ་ཁི་ཡིས་རྒྱ་གཞུང་གི་ཚོད་འཛིན་འོག་ཡོད་པའི་སྤྱི་གཉེར་ཁང་བྷད་ཁྲི་སྦྲན་སི་དང་འབྲེལ་ལམ་མ་བཅད་ཚེ། ཋེ་ཁི་ཋོ་ཁི་ཡི་ཨ་རིའི་ནང་གི་དུས་ཚོད་ཡོངས་སུ་མཇུག་རྫོགས་པ་རེད་ཅེས་བཤད་འདུག

ཋེ་ཁི་ཋོ་ཁི་སྤྱི་གཉེར་ཁང་གི་ངོས་ནས་ད་ཐེངས་གི་ཁྲིམས་འཆར་འདིིའི་ཐད་གསལ་བསྒྲགས་སྤེལ་བའི་ནང་དུ། ཁྲིམས་འཆར་འདིས་ཨ་རིའི་མི་གྲངས་དུང་ཕྱུར་༡་དང་བྱེ་བ་༧་གྱི་ཁྲིམས་ཀྱི་ཐོབ་ཐང་ལ་རྡོག་རོལ་དང་། ཁེ་གཉེར་ཁང་ས་ཡ་ལྔ་ཡི་འཕེལ་རྒྱས་དང་གསར་གཏོད་ལས་ཞུགས་ཀྱི་དྲ་རྒྱའི་སྡིངས་ཆ་ཞིག་མེད་པར་བཟོས་པ་རེད་ཅེས་ཀྱང་བཤད་འདུག་མོད། ཡིན་ནའང་དྲ་རྒྱའི་སྙི་ཆས་འདི་དག་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་ནི་ཨ་རིའི་གྲོས་ཚོགས་ཀྱི་གླེང་གཞི་གལ་ཆེན་ཞིག་ཏུ་གྱུར་འདུག་སྟེ། བདུན་ཕྲག་འདིའི་གཟའ་ཕུར་བུའི་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནུས་ཁུངས་དང་ཚོང་དོན་ལྷན་ཚོགས་ཀྱིས། ཨ་རིའི་མི་རྣམས་ཀྱི་དན་གྲངས་སྲུང་སྐྱོབ་དང་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཁྲིམས་འཛུགས་ཅེས་པའི་བརྗོད་གཞིའི་ཐད་ཉན་ཞིབ་ཚོགས་འདུ་འཚོགས་པའི་སྐབས་སུ་ཡང་། གྲོས་ཚོགས་འཐུས་མི་དག་གིས་ཋེ་ཁི་ཋོ་ཁི་ཡིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་འཇིགས་ཉེན་སློང་གི་ཡོད་པའི་དཀའ་ངལ་སེལ་ཐབས་ཀྱི་ཐད་གླེང་བྱས་ཡོད་པ་མ་ཟད། ད་ཐེངས་གི་ཁྲིམས་གཞི་གསར་བ་འདིའི་ཐད་ལ་ཡང་བགྲོ་གླེང་བྱས་འདུག ད་སྔ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཁྲིམས་འཆར་མང་པོ་ཞིག་བཏོན་ནས་ཋེ་ཁི་ཋོ་ཁི་ཨ་རིར་འགོག་ཐབས་བྱས་ཡོད་ནའང་གྲུབ་འབྲས་ལྡན་ཞིག་བྱུང་མི་འདུག

ཕཱ་ཨོ་ཉམས་ཞིབ་ལྟེ་གནས་ཀྱིས་ད་ལོའི་ཟླ་དང་པོའི་ནང་ཞིབ་འཇུག་བྱས་པའི་གྲངས་ཀ་གསལ་བསྒྲགས་བྱས་ཡོད་པའི་ནང་དུ། ཨ་རིར་ཋེ་ཁི་ཋོ་ཁི་བེད་སྤྱོད་གཏོང་མཁན་གྱི་མིའི་གྲངས་ཀ་སྔར་བཞིན་མང་རུ་འཕར་ཡོད་པ་དང། སྤྱི་ལོ་༢༠༢༡་ལོ་ནས་༢༠༢༣་ལོའི་བར་དུ་མི་གྲངས་བརྒྱ་ཆའི་༡༢་ཀྱིས་མང་རུ་འཕར་འདུག

གླེང་སྟེགས།

XS
SM
MD
LG