ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་དམར་ཤོག་ཚོགས་ཆེན་གཉིས་དང་དཔལ་འབྱོར་གནས་བབ།


 རྒྱ་ནག་་དམར་ཤོག་ཚོགས་ཆེན་གཉིས་དང་དཔལ་འབྱོར་གནས་བབ།
རྒྱ་ནག་་དམར་ཤོག་ཚོགས་ཆེན་གཉིས་དང་དཔལ་འབྱོར་གནས་བབ།

ད་ལོའི་རྒྱ་ནག་གི་དམར་ཤོག་ཚོགས་ཆེན་གཉིས་དེ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་སྐབས་འདིར་འཚོགས་འཆར་ཡོད་ཅིང་། དེའི་སྐབས་སུ་རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་པེན་གྱིས་དཔལ་འབྱོར་བསྐྱར་གསོའི་གྲོས་གཞི་འདོན་རྒྱུ་ཐེ་ཚོམ་ཡིན་ངེས་པ་མ་ཟད། ཡང་ཞིས་ཅིན་པེན་གྱི་བཀའ་རྒྱ་ཨང་༢༠་ཞེས་པའི་ཁྲིམས་ཞིག་བསྒྲགས་པས་རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཁག་གིས་ཀྱང་རྒྱ་ནག་ཏུ་མ་རྩ་འཛུགས་རྒྱུ་ཐེ་ཚོམ་བྱེད་དགོས་པ་བཟོས་ཡོད་འདུག གནས་བབ་འདི་དག་ལ་དབྱེ་ཞིབ་བྱེད་མཁན་ཚོས་བརྗོད་ན། ཞིས་ཅིན་པེན་གྱིས་ད་ལྟ་རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་སྲ་བརྟན་གཏོང་རྒྱུ་དང་དཔལ་འབྱོར་ལམ་ལུགས་གཉིས་ཀ་ཟུང་འབྲེལ་བྱེད་རྒྱུའི་བསྒྱུར་བཅོས་ཀྱི་ལམ་ཞིག་འཚོལ་བཞིན་པར་ཚོད་དཔག་བྱེད་འདུག

འཚོགས་འཆར་ཡོད་པའི་ཚོགས་ཆེན་དེ་གཉིས་ཀྱི་ཐོག་ལ། རྒྱ་ནག་གི་སྲིད་བློན་ལི་ཆཱང་གིས་གོ་གནས་བཟུང་བའི་ལས་སྡོམ་ཐོག་མ་དེ་སྙན་སྒྲོན་ཞུ་རྒྱུ་ལས། རྒྱ་ནག་གི་མཛད་སྤྱོད་པའི་གྲངས་འབོར་ཉམས་ཆག་ལ་སོང་བ་དང་། ས་ཁང་ཚོང་ལས་ཀྱི་ཉེན་ཁ་གཉིས་ནི་ཚོགས་ཆེན་དེའི་ཐོག་ལ་མི་རྣམས་ཀྱིས་དོ་སྣང་བྱེད་གཞི་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་འདུག ཡིན་ན་ཡང་དཔྱེ་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་ད་ལྟའི་དཔལ་འབྱོར་ཉམས་རྒུད་འདི་ལ་གཞི་རྒྱ་ཆེ་བའི་བསྐྱར་གསོའི་གྲོས་གཞི་ཞིག་འདོན་རྒྱུ་མིན་པ་ཚོད་དཔག་བྱེད་བཞིན་འདུག དེ་ལྟར་སྤྱིར་རྒྱ་ནག་ཏུ་ས་ཁང་ཚོང་ལས་ཀྱི་དཀའ་ངལ་དང་། དངུལ་འཛིན་དཀའ་ངལ་ཇེ་སྡུག་ཏུ་འགྲོ་བ། མ་རྐང་ཁྲོམ་རའི་རིན་གོང་ཆག་འཇིག ས་གནས་སྲིད་གཞུང་གི་བུ་ལོན་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་བཅས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཚོར་གནོན་ཤུགས་ཆེན་པོ་ཞིག་སྤྲད་ཡོད་པ་དང་། ཁོ་ཚོས་ཕུགས་རྒྱང་རིང་པོའི་དཔལ་འབྱོར་རྨང་གཞི་བརྟན་པོ་ཞིག་འཛུགས་རྒྱུའི་སྲིད་ཇུས་གལ་ཆེན་པོ་ཞིག་ཐག་གཅོད་བྱེད་དགོས་པར་གནོན་ཤུགས་ཡོང་གི་ཡོད།

རྒྱལ་སྤྱིའི་རཱོ་ཌར་སི་གསར་ཁང་གིས་རྒྱའི་དངུལ་ཁང་གི་ཞིབ་འཇུག་འགོ་ཁྲིད་ཀྲུང་ལཱང་གི་སྐད་ཆ་ལུང་འདྲེན་བྱེད་དོན། ད་ལྟ་རྒྱ་ནག་གི་ཆེས་ཛ་དྲག་གི་དགོས་མཁོ་ནི་དཔལ་འབྱོར་བརྟན་བརླིང་བཟོ་རྒྱུ་དེ་ཡིན་པར་བཤད་ཀྱང་། ཉམས་ཞིབ་པ་དང་སྲིད་ཇུས་སློབ་སྟོན་པ་ཁ་ཤས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། རྒྱ་ནག་གི་སྲིད་བློན་ལི་ཆཱང་གིས་རྒྱ་ནག་གི་ཚོང་ལས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་དང་བརྡ་འཕྲིན་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་སྲིད་པ་ལས། གཞན་རྒྱ་ནག་དམར་ཤོག་ཚོགས་པས་ཆོག་མཆན་ཐོབ་པའི་འགྱུར་བ་ཆེན་པོ་གཏོང་རྒྱུའི་གྲོས་གཞི་ཞིག་འདོན་མི་སྲིད་ཅིང་། བརྡ་འཕྲིན་ལག་རྩལ་གྱི་མ་དངུལ་དང་བུ་ལོན་གྱིས་མནར་བའི་ཁང་བའི་ཁྲོམ་རའི་ཐབས་ལམ་ལྟ་བུའི་གྲོས་གཞི་ཆུང་ཆུང་ཁག་ཅིག་འདོན་སྲིད་པ་རེད།

ཇཱོན་སི་ཧེབ་ཁཱན་(Johns Hopkins University)གཙུག་ལག་སློབ་གྲྭའི་ཆབ་སྲིད་དང་དཔལ་འབྱོར་རིག་པའི་སློབ་དཔོན་ཆེན་མོ་ཧཱོ་ཧྥོན་ཧང་གིས་བརྗོད་དོན་བྱེད་ན། རྒྱ་ནག་གཞུང་མུ་མཐུད་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་རྒྱུའི་ལམ་ཀར་བསྐྱོད་རྒྱུ་ཡིན་ཞིང་། དེ་ཡིས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་སེལ་བར་ཕན་ཐོགས་མེད་ཀྱང་། རྒྱ་ནག་གཞུང་ལ་དཔལ་འབྱོར་ཉམས་རྒུད་ལས་འཕྲོས་ཏེ་འབྱུང་སྲིད་པའི་དཀའ་རྙོག་ལས་ཐར་བར་ཕན་ཐོགས་ཡོང་ངེས་ཡིན་འདུག

ཡང་བྷེ་ལའུ་བྷེག་(Bloomberg)གསར་ཁང་གིས་བརྗོད་ན། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་ཡིན་པའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་ཕྱིན་པ་དང་མཉམ་དུ། རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་པེན་གྱིས་རྒྱ་ཆེ་ས་ནས་དཔལ་འབྱོར་ཡར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཚམས་འཇོག་བྱེད་པར་མི་རྣམས་འདོད་བློ་མ་ཁེངས་པ་ཡོང་གི་ཡོད་ཅིང་། ཨ་རིའི་རང་དབང་ཁང་བའི་ངོ་རྒོལ་གནས་ཚུལ་བསྡུ་རུབ་བྱེད་མཁན་སྡེ་ཚན་ཞིག་གིས། རྒྱ་ནག་ནང་གི་ལྟ་ཚུལ་མ་མཐུན་པ་ཞིབ་འཇུག་སྐབས་སུ། སྔར་ལོའི་ཟླ་༨་ནས་བཟུང་རྒྱ་ནག་ཏུ་དཔལ་འབྱོར་གནས་སྟངས་འཕྲོས་ཏེ་ངོ་རྒོལ་གྱི་བྱེད་སྒོ་ཇེ་མང་དུ་སོང་བ་དང་། ངལ་རྩོལ་ལས་མིའི་རྩོད་རྙོག་དང་། ས་ཁང་ཚོང་ལས་ཇེ་དལ་གྱིས་ཁྱིམ་ཚང་གི་འབྱོར་ཕྱུག་ཉམས་པ་སོགས་ཚུད་ཡོད་འདུག

ཨ་རིའི་ས་ཌན་ཧྥོར་ཌི་ (Stanford University) གཙུག་ལག་སློབ་གྲྭའི་ལོ་རྒྱུས་ཞིབ་འཇུག་སྡེ་ཚན་གྱི་ཉམས་ཞིབ་པ་ཇོ་སི་ཧྥི (Joseph Torigian)་ཡིས་བརྗོད་ན། ཞིས་ཅིན་པེན་གྱི་དམིགས་ཡུལ་ཆེ་ཤོས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་ཇེ་བརྟན་ལ་གཏོང་རྒྱུ་དང་དཔལ་འབྱོར་ལམ་ལུགས་གཉིས་ཀ་ཟུང་འབྲེལ་གྱི་བསྒྱུར་བཅོས་ཤིག་གཏོང་འདོད་པ་རེད་ལ། ཟུང་འབྲེལ་བསྒྱུར་བཅོས་འདིའི་རྒྱུད་རིམ་དུ། ཉེན་ཁ་ཆུང་ཤོས་དེ་རྒྱུད་ཐབས་བྱེད་བཞིན་པ་རེད། ཡང་ཞིས་ཅིན་པེན་གྱིས་དཔལ་འབྱོར་འཕེལ་རྒྱས་བློས་གཏོང་བྱེད་མེད་པར། ཁོས་རྒྱལ་ཁབ་ཀྱི་དམིགས་ཡུལ་རྒྱ་ཆེན་པོ་ཞིག་སྒྲུབ་པའི་རྒྱུད་རིམ་དུ་དཀའ་གནད་ཁག་ཅིག་ལ་གདོང་ལེན་བྱེད་དགོས་པ་རྒྱ་ནག་གི་མགོ་ཁྲིད་ཚོས་ཤེས་རྟོགས་ཡོང་རྒྱུའི་རེ་བ་འཛིན་བཞིན་པ་རེད།

འདིའི་བར་ན་རྒྱ་ནག་གཞུང་གིས། སྤྱི་ཟླ་༢་ཚེས་༢༧་ཉིན་ལ་《རྒྱལ་ཁབ་ཀྱི་གསང་དོན་སྲུང་བའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཞེས་རྒྱ་ནག་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ཞེས་ལེགས་བཅོས་བྱེད་ཡོད་པ་སྤྱི་བསྒྲགས་བྱས་ཏེ། དེ་ལ་ཞིས་ཅིན་པེན་གྱི་བཀའ་རྒྱ་ཨང་ཉི་ཤུ་པ་ཞེས་བཏགས་ཡོད་པ་འདི་སྤྱི་ཟླ་༥་བ་ནས་ལག་ལེན་བསྟར་རྒྱུ་ཡིན་འདུག ཡིན་ན་ཡང་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་དཔལ་འབྱོར་ཉམས་རྒུད་ཀྱི་སྐབས་སུ་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་ཚོ་འགུག་ཐབས་བྱེད་བཞིན་པ་དང་། ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ཤིག་སྤྱི་བསྒྲགས་བྱས་པ་གཉིས་རྒྱབ་འགལ་ཡིན་པའི་དཔྱད་བརྗོད་སྤེལ་བཞིན་འདུག

དཔེར་ན་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས། (རྒྱ་ནག་གིས་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ཞེས་པ་ཁྱབ་ཚད་ཇེ་ཆེར་གཏོང་བཞིན་པ་)ཞེས་པའི་གནས་ཚུལ་ཞིག་སྤེལ་ཏེ་དེའི་ནང་དུ། ཁྲིམས་དེའི་ནང་དུ་ལས་ཀའི་གསང་བ་ཞེས་པའི་སྡེ་ཚན་ཞིག་ཁ་སྣོན་གྱིས་ལས་ཀའི་གསང་བ་ནི་རྒྱལ་ཁབ་ཀྱི་གསང་བ་མིན་ཡང་དེ་ཕྱི་བསྒྲགས་བྱས་ན་གནོད་སྐྱོན་ཚབས་ཆེན་ལ་བརྩི་རྒྱུ་བཀོད་ཡོད་པ་རེད། དེ་ཡིས་ལོ་སྔོན་མ་ནས་རྒྱ་ནག་ཏུ་མ་རྩ་འཛུགས་མཁན་དང་ཚོང་ལས་གཉེར་མཁན་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཁག་ལ་གནས་ཚུལ་ཁྱབ་སྤེལ་བྱེད་རྒྱུ་ཚད་བཀག་བཟོ་རྒྱུའི་ཆ་ཤས་སུ་གསང་ཉུལ་བའི་གྱོད་གཞིའི་ནང་ལ་ཚོང་ལས་སྡེ་ཚན་ཚོའི་མི་ཡོད་པ་གསལ་སྟོན་བྱེད་ཡོད་པ་རེད།

ཡང་ཨ་རིའི་(Wall Street Journal) གསར་ཁང་གིས། (རྒྱ་ནག་གི་གསང་བ་སྲུང་སྐྱོབས་ཀྱི་ཁྲིམས་དེ་ཡིས་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཁག་ཉེན་ཁར་གཏོད་རྒྱུ་)ཞེས་གནས་ཚུལ་སྤེལ་འདུག་ལ། དེའི་ནང་དུ་རྒྱ་ནག་གིས་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབས་ཀྱི་ཁྲིམས་ཟེར་བར་འགྱུར་བ་བཏང་སྟེ། དེའི་ཁྱབ་ཁོངས་སུ་ཚུད་མེད་པའི་གནས་ཚུལ་མང་པོ་ཞིག་ཁ་སྣོན་བྱེད་པ་ནི་ཕྱི་རྒྱལ་མ་རྩ་འཛུགས་མཁན་དང་ཚོང་ལས་གཉེར་མཁན་ཚོར་རྒྱ་ནག་ཏུ་མུ་མཐུད་ནས་ཚོང་ལས་གཉེར་རྒྱུར་སེམས་ཁྲལ་འཕར་མ་ཞིག་སློང་སྲིད་པ་བཀོད་འདུག

ཁྲིམས་འདི་ནི་༢༠༡༠་ལོ་ནས་ཐོག་དང་བོ་འགྱུར་བ་ཐེབས་པ་ཞིག་ཡིན་འདུག

ཡང་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཕྱི་རྒྱལ་གྱི་ཚོང་ལས་རྒྱ་ནག་ཏུ་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། ཕྱོགས་གཅིག་ནས་ཁྲིམས་གསར་བ་ཞིག་བཟོས་པ་འདི་ཁ་གསལ་བོ་ཞིག་མེད་པ་ཡིས། སྔར་ལས་ལྷག་པའི་ངང་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཁག་ལ་ཉེན་ཁ་གཏོད་ཆོག་ཆོག་ཅིག་བཟོས་ཡོད་འདུག

གང་ལྟར་གོང་ནས་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་པེན་གྱིས་དཔལ་འབྱོར་བསྐྱར་གསོའི་ལས་གཞི་ལ་སྐུལ་འདེད་གཏོང་གི་མེད་པར་རྒྱ་ནག་ཏུ་འདོད་པ་མ་ཁེངས་པའི་མིའི་གྲངས་འབོར་ཇེ་མང་འགྲོ་བཞིན་པ་བསྟན་འདུག་ཀྱང་། ཡང་ཉམས་ཞིབ་ཁག་ཅིག་གིས། ཞིས་ཅིན་པེན་གྱིས་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་སོང་བར་སྣང་མེད་བཏང་མེད་པར། ཁོས་རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་སྲ་བརྟན་དང་དཔལ་འབྱོར་ལམ་ལུགས་གཉིས་ཟུང་འབྲེལ་བྱེད་རྒྱུའི་བསྒྱུར་བཅོས་གཏོང་བཞིན་པ་མ་ཟད། བསྒྱུར་བཅོས་དེའི་རྒྱུད་རིམ་ཁྲོད་དུ་རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་ལ་ཉེན་ཁ་ཆུང་ཤོས་དེ་རྒྱུད་པར་ཐབས་ལམ་འཚོལ་བཞིན་པ་བསྟན་འདུག

ཡང་གནས་ཚུལ་ཁ་ཤས་སུ་གསལ་བ་ལྟར་ན། རྒྱ་ནག་གི་སྲིད་བློན་ལི་ཆཱང་གིས་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་སྐབས་སུ་སྤྱི་ལོ་༢༠༢༤་ལོར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་ལྔ་འཕེལ་རྒྱས་གཏོང་རྒྱུའི་སྐོར་དང་། ཞིས་ཅིན་པེན་གྱིས་སྤྱི་ལོ་༢༠༣༥་ལོའི་སྔོན་དུ་དཔལ་འབྱོར་འཕེལ་ཚད་ལྡབ་གཅིག་གིས་ཇེ་མགྱོགས་ལ་བཏང་ནས་རྒྱ་ནག་ཅན་གྱི་དེང་རབས་འ་བསྒྱུར་རྒྱུའི་གཏམ་བཤད་བྱེད་སྲིད་པ་རེད། ཡང་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིས་གྲུབ་པ་དང་གྲོས་གཞི་ཕལ་ཆེ་ཤོས་ཀྱང་མཐོ་རིམ་ཚོགས་མི་ཚོས་སྔ་ས་ནས་ཐག་གཅོད་བྱེད་ཟིན་པ་ཡིན་ཕྱིན། ཚོགས་ཆེན་དེར་འགྱིག་གི་རྟགས་ཐམ་ཚོགས་འདུ་ཞེས་ཀྱང་འབོད་བཞིན་འདུག

ལོ་རེའི་རྒྱ་ནག་གི་དམར་ཤོག་ཚོགས་ཆེན་གཉིས་ནི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱ་ནག་ཆབ་སྲིད་རྒྱུན་ལས་ཚོགས་འདུ་གཉིས་ཡིན་ཞིང་། དེ་ལ་རྒྱ་ནག་གིས་ (ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་) ཞེས་པ་དང་། ཡང་(ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་)ཞེས་འབོད་བཞིན་འདུག གང་ལྟར་ཚོགས་འདུ་འདི་གཉིས་སྤྱི་ཟླ་༣་ཚེས་༤་དང་ཚེས་༥་ལ་རིམ་པས་འཚོགས་བཞིན་པ་རེད།

གླེང་སྟེགས།

XS
SM
MD
LG