ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

གོ་ལའི་སྐྱབས་བཅོལ་གླེང་སྟེགས་ཐོག་གི་བོད་ཀྱི་བུད་མེད་ཅིག


གོ་ལའི་སྐྱབས་བཅོལ་གླེང་སྟེགས་ཐོག་གི་ཁེ་ན་ཌའི་གཞུང་འབྲེལ་སྐུ་ཚབ།
གོ་ལའི་སྐྱབས་བཅོལ་གླེང་སྟེགས་ཐོག་གི་ཁེ་ན་ཌའི་གཞུང་འབྲེལ་སྐུ་ཚབ།

བོད་ཀྱི་བུད་མེད་ཅིག་ཁེ་ན་ཌའི་གཞུང་འབྲེལ་སྐུ་ཚབ་ཀྱི་ངོས་ནས་གོ་ལའི་སྐྱབས་བཅོལ་གླེང་སྟེགས་སུ་ངོས་བཅར་ཞུས་འདུག་ལ། ཁོང་གིས་རང་ཉིད་བོད་མི་ཞིག་གི་ངོས་ནས་རྒྱལ་ཁོངས་མེད་པའི་བོད་མི་སྐྱབས་བཅོལ་བའི་གནས་བབ་གླེང་སློང་ལ་འབད་བརྩོན་ཞུས་ཡིན་ཞེས་གསུང་བཞིན་འདུག

ཉེ་ཆར་ཡུ་རོབ་ཇི་ནཱེ་ཝ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གིས་གཙོ་སྐྱོང་འོག་སྤྱི་ལོ་༢༠༢༣་ལོའི་གོ་ལའི་སྐྱབས་བཅོལ་གླེང་སྟེགས་སམ་(Global Refugee Forum 2023) ཞེས་པ་འཚོགས་ཡོད་ཅིང་། དེའི་ཐོག་ལ་འཛམ་གླིང་རྒྱལ་ཁབ་༡༦༨་ནས་གཞུང་འབྲེལ་སྐུ་ཚབ་དང་སྐྱབས་བཅོལ་ལྷན་ཁང་གི་སྐུ་ཚབ། སྤྱི་དམངས་ཞབས་ཞུ་བ། འཛམ་གླིང་དངུལ་ཁང་གི་སྐུ་ཚབ་ལ་སོགས་པའི་མི་གྲངས་སྟོང་ཕྲག་བཞི་ལྷག་མཉམ་ཞུགས་གནང་ཡོད་འདུག ཁེ་ན་ཌའི་གཞུང་གི་སྐྱབས་བཅོལ་ལས་དོན་ལ་སློབ་སྟོན་པའི་གྲས་བོད་ཀྱི་བུད་མེད་ཐོན་ཟུར་ཚེ་རིང་ནོར་འཛོམས་ལགས་ཀྱང་ཁེ་ན་ཌའི་གཞུང་འབྲེལ་སྐྱབས་བཅོལ་ལས་དོན་གྱི་སྐུ་ཚབ་ཚོགས་པའི་ངོས་ནས་ཚོགས་བཅར་ཞུས་འདུག

ཐོན་ཟུར་ཚེ་རིང་ནོར་འཛོམས། ཁེ་ན་ཌའི་གཞུང་གི་སྐྱབས་བཅོལ་ལས་དོན་སློབ་སྟོན་པ།
ཐོན་ཟུར་ཚེ་རིང་ནོར་འཛོམས། ཁེ་ན་ཌའི་གཞུང་གི་སྐྱབས་བཅོལ་ལས་དོན་སློབ་སྟོན་པ།

ཚེ་རིང་ནོར་འཛོམས་ལགས་ཀྱིས་ངོ་སྤྲོད་གནང་སྐབས་ཁེ་ན་ཌའི་གཞུང་གི་སྐུ་ཚབ་ཚོགས་པ་དེར་ཁེ་ན་ཌ་གཞུང་གི་ཕྱི་མི་གནས་སྤོར་ལྷན་ཁང་གི་བློན་ཆེན་དང་ཇི་ནཱེ་ཝར་བཅའ་སྡོད་ཁེ་ན་ཌའི་གཞུང་ཚབ། ཀེ་ན་ཌའི་ཨོ་ཌ་ཝ་ནས་གཞུང་གི་སྐུ་ཚབ་ཁ་ཤས་ཤིག་བཅས་ཁྱོན་སྡོམ་མི་༢༠་ལས་གྲུབ་པ་རེད། ཚོགས་ཐོག་དེར་ཚེ་རིང་ནོར་འཛོམས་ལགས་ཀྱིས་རང་ཉིད་ཁེ་ན་ཌ་གཞུང་འབྲེལ་སྐུ་ཚབ་ཡིན་པ་དང་དེའི་རྩ་འཛིན་སྲུང་བྱའི་ཆེད་དུ་བོད་པ་ཁོ་ནའི་ཐོག་ལ་མང་པོ་ཞིག་བཤད་སྟབས་བདེ་བོ་མེད་རུང་། རང་ཉིད་རྒྱ་གར་དུ་རྒྱལ་ཁོངས་མེད་པའམ་(Stateless)་ཡི་ཐོག་ནས་སྐྱེས་པའི་བོད་མི་ཞིག་ཡིན་པ་དང་། རྒྱ་གར་དུ་ཡོད་པའི་རྒྱལ་ཁོངས་མེད་པའམ་ (Stateless)་ཡི་བཙན་བྱོལ་བོད་མི་ལྟ་བུའི་ཚོགས་སྡེ་དང་མི་རིགས་ཁག་ཡོངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དང་ཚོགས་པ་ཚོས་ཆ་སྙོམས་ངང་རོགས་རམ་གནང་དགོས་འདུག་ཅེས་གཏམ་བཤད་བྱས་ཡོད་པ་རེད། ཡང་ཚེ་རིང་ནོར་འཛོམས་ལགས་ཀྱིས་བརྗོད་ན་ཁོང་དང་མཉམ་དུ་ཁེ་ན་ཌའི་ཕྱི་མི་གནས་སྤོར་ལྷན་ཁང་གི་བློན་ཆེན་གྱིས་ཀྱང་སྐར་མ་གཉིས་ཙམ་ལ་གཏམ་བཤད་གནང་ཡོད་འདུག

ཚེ་རིང་ནོར་འཛོམས་ལགས་ཀྱིས་རང་ཉིད་བོད་མི་ཞིག་གིས་ངོས་ནས་གཞུང་ཞིག་གི་སྐུ་ཚབ་ཏུ་མཉམ་ཞུགས་བྱེད་རྒྱུ་བྱུང་བ་འདི་གལ་ཆེན་པོར་བརྩི་བཞིན་འདུག དེ་ཡང་། ཁེ་ན་ཌའི་གཞུང་འབྲེལ་སྐུ་ཚབ་ནང་གི་བོད་མི་སློབ་སྟོན་པ་ཞིག་གི་ཆ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གླེང་སྟེགས་འདི་འདྲར་བཀའ་མོལ་ཞུས་པའི་གོ་སྐབས་རག་པ་དང་བཀའ་མོལ་གང་ཞུས་པ་རང་གིས་བྲིས་པ། བྲིས་པ་དེ་ཚོ་མཉམ་འབྲེལ་རྒྱལ ཚོགས་ཀྱི་དྲ་རྒྱ་དང་ཁེ་ན་ཌའི་གཞུང་གི་དྲ་རྒྱའི་ནང་ལ་གསལ་བསྡད་ཡོད་རེད། བོད་པ་ཞིག་གི་ངོས་ནས་ཐུགས་ཕན་གསོ་སོང་བསམ་པ་བྱུང་ཞུ་རྒྱུ་ཡིན། མི་ཚང་མས་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ལ་རྒྱུས་མངའ་ཡོད་མེད་བཤད་ཚོད་ཐེབས་ཀི་མེད་ཀྱང་། བོད་ཆས་གྱོན་ཏེ་བོད་མི་ཞིག་གི་ངོས་ནས་རྒྱལ་ཁོངས་མེད་པ་ཡོངས་ལ་ཆ་སྙོམས་ཀྱིས་རོགས་རམ་གནང་དགོས་སྐོར་གཏམ་བཤད་བྱས་ཡོད་པ་དེར་ཐུགས་སྣང་ཡག་པོ་གནང་སོང་བསམ་པ་བྱུང་། དཔེར་ན་ཁེ་ན་ཌའི་གཞུང་ལ་མཚོན་ན་དེའི་ནང་དུ་བོད་པའི་གནས་སྟངས་ཤེས་མཁན་དང་མི་ཤེས་མཁན་གཉིས་ཀ་ཡོད་པ་རེད། ཚོགས་ཐོག་དེར་ཁེ་ན་ཌའི་ཕྱི་མི་གནས་སྤོར་ལྷན་ཁང་གི་བློན་ཆེན་དང་མཉམ་དུ་ཡོད་དུས་ཞོར་ནས་ཁོང་ཚོར་ཡང་བོད་པའི་གནས་སྟངས་མང་པོ་ཞིག་ཞུས་པ་ཡིན། ཞེས་སོགས་ངོ་སྤྲོད་གནང་སོང་།

ཡང་ཐོན་ཟུར་ཚེ་རིང་ནོར་འཛོམས་ལགས་ཀྱིས་གསུང་དོན་ལྟར་ན། གླེང་སྟེགས་དེའི་ཐོག་ཏུ་སྐྱབས་བཅོལ་བའི་ཚོགས་པ་མང་པོ་དང་མི་སྣ་འདྲ་མིན་ལ་འབྲེལ་ལམ་ཡག་པོ་འཛུགས་ཐུབ་ཡོད་ཅིང་། ཚོགས་ཆེན་འདི་ལྟ་བུ་གལ་ཆེན་པོ་ཆགས་ཡོད་པ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གིས་སྤྱི་ལོ་༢༠༢༤་ལོར་བསྐྱར་དུ་རྒྱལ་ཁོངས་མེད་པའི་མི་རྣམས་ཀྱི་ཆེད་དུ་ལས་གཞི་ཆེན་པོ་ཞིག་སྤེལ་འཆར་འདུག་ན། བཙན་བྱོལ་བོད་གཞུང་གིས་གནས་བབ་དེའི་ནང་དུ་ཆ་ཤས་བཞེས་དགོས་པ་གལ་ཆེན་པོ་ཡིན་པའི་འབོད་སྐུལ་ཞུས་སོང་།

ཐོན་ཟུར་ཚེ་རིང་ནོར་འཛོམས་ལགས་ནི་སྤྱི་ལོ་༢༠༠༦་ལོར་ཁེ་ན་ཌར་འབྱོར་བའི་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་ཞིང་། རིམ་བཞིན་རང་གི་འབད་རྩོན་དང་ཉམས་མྱོང་ལ་བརྟེན་ནས་འདས་པའི་མི་ལོ་༡༥་ཙམ་ལ་ཁེ་ན་ཌའི་གྲོང་ཁྱེར་ ་ཊོ་རོན་ཌོ པཱར་ཀ་ཌེལ་རིག་གཞུང་སྣ་མང་ལྷན་ཚོགས་སུ་གནས་སྤོར་གཞིས་ཆགས་ཀྱི་སྡེ་ཚན་དུ་ཕྱག་ལས་གནང་བཞིན་པ་རེད། ཡང་སྤྱི་ལོ་༢༠༢༠་ལོར་ཁེ་ན་ཌའི་གཞུང་གི་སྐྱབས་བཅོལ་ལས་དོན་གྱི་སློབ་སྟོན་པའི་གྲས་སུ་གདམས་ཐོན་བྱུང་འདུག

ཁོང་གིས་རང་གི་ཉམས་མྱོང་གཞི་ལ་བཞག་པའི་ཐོག་ནས་བརྗོད་ན་སྤྱིར་ཁེ་ན་ཌའི་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་དེ་སྐྱབས་བཅོལ་གྱི་ཚོགས་སྡེ་གཞན་དང་བསྡུར་ན་ཡག་པོའི་གྲས་ཡིན་ཡང་། བོད་མི་ཚོས་དོ་སྣང་དང་ཤུགས་རྒྱག་དགོས་ས་གཙོ་བོ་དེ་ཤེས་ཡོན་ཐོག་ཡིན་དགོས་པ། བོད་མི་སྐྱབས་བཅོལ་བ་ཚོས་སོ་སོའི་འཚོ་གནས་ཡག་པོ་ཡོད་པ་ཙམ་གྱིས་འདོད་པ་ཁེངས་ནས་འདུག་མི་རུང་བར་ཤེས་ཡོན་གྱི་ཐོག་ནས་གནས་ཡུལ་རྒྱལ་ཁབ་དེའི་གཞུང་སྲིད་ལམ་ལུགས་དང་ཤེས་ཡོན་སྡེ་ཁག་སོགས་ཁྱབ་ཁོངས་སོ་སོའི་ནང་དུ་གོ་སྐབས་རྩ་ཆེན་ཡོད་པ་རྣམས་ལེན་དགོས་པ་གལ་ཆེན་པོ་ཡིན་པའི་འབོད་སྐུལ་གནང་སོང་།

གོ་ལའི་སྐྱབས་བཅོལ་གླེང་སྟེགས་ནི་འཛམ་གླིང་འདིར་བཙན་གནོན་འོག་རང་གི་ལུང་བ་ནས་ཁ་བྲལ་དགོས་བྱུང་བའི་མི་གྲངས་འབུམ་བརྒྱ་དང་བཅུ་བཞི་ལྷག་ཡོད་པ་དེ་ཚོ་དང་། དེའི་ནང་ནས་མི་གྲངས་འབུམ་༣༥་ལྷག་སྐྱབས་བཅོལ་བའི་གནས་བབ་ཐོག་ཡོད་པ་དེ་ཚོའི་འཚོ་གནས་ཡར་རྒྱས་དང་སྲུང་སྐྱོབ་སོགས་ལ་ཕྱག་ལས་གནང་ཕྱོགས་ཀྱི་བསམ་ཚུལ་སྤུངས་སའི་གླེང་སྟེགས་ཤིག་ཡིན་པ་རེད། སྤྱི་ལོ་༢༠༢༣་ལོའི་གླེང་སྟེགས་འདིའི་ཐོག་ནས་སྐྱབས་བཅོལ་བ་སྣེ་ལེན་བྱེད་མཁན་དཔེར་ན་རྒྱལ་ཁབ་སྐྱོ་བོ་བྷང་ལ་དྷི་ཕྱི་ཡིས་འབར་མའི་ཁ་ཆེ་རོ་ཧེན་རྒྱ་མང་པོ་སྐྱབས་བཅོལ་ལ་བླངས་ཡོད་པ། པ་ཀི་སི་ཐན་དུ་ཨབ་གྷན་ནི་སི་ཐན་གྱི་སྐྱབས་བཅོལ་བ་མང་པོ་ལེན་དགོས་བྱུང་ཡོད་པས་རྒྱལ་ཁབ་འདིའི་རིགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚང་མས་ཆ་སྙོམས་ཀྱིས་མཐུན་འགྱུར་རོགས་རམ་གནང་སྟངས་སོགས་ཀྱི་བགྲོ་གླེང་དང་ཁས་ལེན་རིམ་པ་བྱས་ཡོད་འདུག

གོ་ལའི་སྐྱབས་བཅོལ་གླེང་སྟེགས་ནི་སྤྱི་ལོ་༢༠༡༦་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་༡༩༣་ཡིས་རྒྱལ་སྤྱིའི་སྐྱབས་བཅོལ་བ་དང་ཕྱི་མི་གནས་སྤོར་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་གྲོས་འཆམ་བྱུང་ཏེ་ལས་འགན་ལག་བསྟར་བྱེད་མཁན་གྱི་འགན་དེ་མཉམ་འབྲེལ་རྒྱལ་ཚོགས་ལ་བཅོལ་བས། སྤྱི་ལོ་༢༠༡༨་ལོར་གོ་ལའི་སྐྱབས་བཅོལ་གྱི་གན་རྒྱ་ཞེས་པ་བཞག་པ་དང་དེའི་ནང་དུ། སྐྱབས་བཅོལ་བ་སྣེ་ལེན་ཞུ་མཁན་རྒྱལ་ཁབ་ཚོར་སྐྱབས་བཅོལ་ལས་དོན་ལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་མཐུན་འགྱུར་གནང་ཐབས་དང་། སྐྱབས་བཅོལ་བར་རང་སྟོབས་འཕེལ་བའི་རོགས་རམ་གནང་ཕྱོགས། ཡུལ་གྱར་བར་སློབ་གསོ་དང་འཚོ་གནས་ཡར་རྒྱས་གཏོང་སྟངས། ཡང་རྒྱལ་ཁོངས་མེད་པའི་མི་རྣམས་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་ཐབས་དང་དེའི་ནང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་ཕྱག་ལས་གནང་ཐབས་བཅས་ཀྱི་དམིགས་ཡུལ་འོག་ལོ་བཞི་རེར་ཚོགས་ཆེན་རེ་འཚོགས་རྒྱུ་གཏན་འཁེལ་གནང་བ་ལས། ༢༠༡༩་ལོར་ཐེངས་དང་བོ་འཚོགས་པ་དང་༢༠༢༣་ལོའི་གོ་ལའི་སྐྱབས་བཅོལ་གླེང་སྟེགས་འདི་ཐེངས་གཉིས་པ་ཡིན་འདུག

XS
SM
MD
LG