ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཨ་རིའི་ཆབ་སྲིད་པར་གནམ་གཤིས་གནད་དོན་ཐད་ནས་གནོན་ཤུགས་སྤྲོད་བཞིན་པ།


climate change protesters
climate change protesters

གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཁོར་ཡུག་སྲུང་སྐྱོབ་པ་ཚོས་ཨ་རིའི་ཆབ་སྲིད་པ་ཚོར་གནམ་གཤིས་འགྱུར་ལྡོག་གི་ངོ་རྒོལ་བྱེད་ཐབས་གསར་བ་རྒྱུན་སྐྱོང་རྒྱུར་ཁས་ལེན་བྱས་ཏེ། ཁོང་ཁྲོ་ལངས་རྒྱུར་འཛེམ་སོན་མེད་པར། གནམ་གཤིས་ཀྱི་དཀའ་ངལ་དེ་༢༠༢༤ ལོའི་འོས་འདེམས་ཀྱི་བརྗོད་གཞི་གལ་ཆེ་ཤོས་ཤིག་ལ་འགྱུར་བར་བྱ་རྒྱུར་འབད་བརྩོན་བྱེད་བཞིན་པ་རེད།

སྤྱིར་ན་ཁོར་ཡུག་སྲུང་སྐྱོབ་པ་ཚོས་ཆབ་སྲིད་མི་སྣ་དེ་ཚོ་བློ་ཁོག་མེད་མཁན་དང་། ནག་ཉེས་ཅན་ལ་བརྩིས་ཏེ། ཁོང་ཚོ་ལ་སྙིང་ཆུང་སྡར་མ་དང་ཉེས་ཅན་པ་ཞེས་འབོད་བཞིན་པ་རེད།

དབྱིན་སྐད་དུ་Climate Defiance ཟེར་བའི་གནམ་གཤིས་ངོ་རྒོལ་ཚོགས་པ་དེས། ད་ལོར་ཨ་རིའི་སྲིད་འཛིན་Joe Biden འཛིན་སྐྱོང་གཞུང་གི་མཐོ་རིམ་མགོ་ཁྲིད་རབས་དང་རིམ་པའི་བྱ་འགུལ་དང་། བྱེད་སྒོ་རྣམ་གཞག་ལ་བར་ཆར་བཏང་ཡོད་པ་རེད། སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱིས་ཆབ་སྲིད་དྲིལ་སྒྲོག་གི་བྱེད་སྒོ་ཞིག་སྤེལ་བཞིན་པའི་སྐབས་སུ། ཁོར་སྲུང་བ་ཚོས་སྐད་འབོད་བྱས་ཏེ། བྱེད་སྒོ་དག་ལ་བར་ཆར་ཆེན་པོ་བཏང་འདུག ཚོགས་ཐོག་ཅིག་ལ་ ExxonMobil རྡོ་སྣུམ་བཟོ་ཚོང་ཁང་གི་མགོ་ཁྲིད་ Darren Woods སླེབས་ཡོད་པས། ཁོས་དོ་སྣང་བྱ་རྒྱུར་དམིགས་ཏེ་ཚོགས་པ་འདིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། ངོ་རྒོལ་གོ་སྒྲིག་པ་ Michael Greenberg ཡིས་བཤད་ན། མཐའ་སྡོམ་དེར་བྱེད་སྒོ་ལ་གཏོར་བརླག་དང་བར་ཆད་ཆེན་པོ་བྱས་ཏེ་ “གྲུབ་འབྲས་སྨིན་སོང་”ཞེས་བརྗོད་འདུག

གནམ་གཤིས་ངོ་རྒོལ་ཚོགས་པ་འཛུགས་མཁན་ཁོར་སྲུང་བ་སྐུ་ཞབས་Greenberg ཡིས་Guardian གསར་ཁང་གི་བཅར་འདྲི་དང་ལེན་བྱས་སྐབས། “ང་ཚོས་ངོ་རྒོལ་རྒྱ་ཇེ་ཆེར་བཏང་ནས། རྡོ་སྣུམ་གྱི་ལས་གཞི་ལ་རྒྱབ་སྐྱོར་བྱེད་མཁན་དང་ཆོག་མཆན་སྤྲོད་མཁན་གྱི་ཆབ་སྲིད་མི་སྣ། རྒྱལ་ཁབ་རིམ་པའི་བྱེད་སྒོ་ལ་དམིགས་ནས་ངོ་རྒོལ་ཤུགས་ཆེན་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་” ཅེས་བཤད་འདུག

ད་ལོའི་དཔྱིད་ཀར་ཕོ་བྲང་དཀར་པོའི་གསར་འགོད་པའི་གསོལ་སྟོན་ཆེན་མོའི་སྐབས་སུ། ཕོ་བྲང་དཀར་པོའི་ཕྱི་རོལ་དུ་ངོ་རྒོལ་བྱས་པ་ནས་བཟུང་། མུ་མཐུད་ནས་ངོ་རྒོལ་ཐེངས་མང་བྱས་ཏེ། ཨ་རིའི་སྐྱེལ་འདྲེན་དྲུང་ཆེ་ Pete Buttigieg དང་། ནུས་ཤུགས་དྲུང་ཆེ་Jennifer Granholm ཚུད་པའི་ཨ་རིའི་དབུས་གཞུང་གི་མཐོ་རིམ་མི་སྣ་མང་པོའི་གཏམ་བཤད་བྱེད་ས་དང་། བྱ་སྒོ་རྣམ་གཞག་སྤེལ་སར་ཁོར་སྲུང་བ་ཚོ་སོང་ནས་སྐད་འབོད་བྱས་ཏེ། གཏམ་བཤད་ལ་བར་ཆད་བཏང་ནས་གནམ་གཤིས་ཀྱི་དཀའ་ངལ་གལ་ཆེན་ཏུ་འཛིན་དགོས་པའི་འབོད་སྐུལ་བྱས་འདུག

ཡང་གནམ་གཤིས་ངོ་རྒོལ་ཚོགས་པས་ཨ་རིའི་དབུས་དངུལ་ཁང་གི་དྲུང་ཆེ Jerome Powell གྱིས་མི་དམངས་ལ་གཏམ་བཤད་བྱེད་བཞིན་པའི་མཛད་སྒོ་གཉིས་ལ་བར་ཆད་བཏང་ནས་ངོ་རྒོལ་བྱས་འདུག་ལ། སྐབས་དེ་དག་ཏུ་ཁོ་ཚོས་འཚེ་མེད་ཞི་བའི་སྒོ་ནས་ངོ་རྒོལ་བྱས་ཡོད་པ་རེད། དེར་མ་ཟད། གནམ་གཤིས་ངོ་རྒོལ་ཚོགས་པས་ལས་མི་བསྡུ་བའི་གསལ་བསྒྲགས་ནང་དུ་འཁོད་པ་ལྟར་ན། “རྡོ་སྣུམ་ཐོན་སྐྱེད་ལ་ངོ་རྒོལ་བྱེད་ཆེད་འཚེ་མེད་ཞི་བའི་སྒོ་ནས་གཏོར་བརླག་བྱ་ཐུབ་པ་” ནི་ལས་མི་བསྡུ་བའི་ཆ་རྐྱེན་ཞིག་ལ་བརྩིས་ཏེ། ཁོང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་བེད་སྤྱོད་བྱེད་ཀྱིན་པ་གསལ་འདོན་བྱས་འདུག

ཁོར་སྲུང་བ་སྐུ་ཞབས་ Greenberg ཡིས། “གལ་ཏེ། ང་ཚོ་ཚོགས་པ་གསར་བ་ཞིག་གི་ངོས་ནས། འཇམ་པོའི་སྒོ་ནས་གཞུང་ལ་འབོད་སྐུལ་ཞུས་པ་ཡིན་ན། ང་ཚོར་སྣང་མེད་གཏོང་རྒྱུ་རེད། ང་ཚོ་ལས་ལྡབ་བརྒྱ་ཡིས་ཆེ་བའི་ཚོགས་པ་ཞིག་གིས་འབོད་སྐུལ་ཞུས་པ་ཡིན་ན་ཕོ་བྲང་དཀར་པོས་ཡ་ལན་བརྒྱག་གི་རེད། ཡིན་ནའང་ང་ཚོ་མིང་གྲགས་ཡོད་པ་མ་རེད་ལ། ཚོགས་པ་ཆེན་པོའང་མ་རེད། ཕོ་བྲང་དཀར་པོའི་ངོས་ནས། ང་ཚོའི་མཉམ་དུ་ཅིའི་ཕྱིར་སྐད་ཆ་བཤད་ད­གོས་པ་རེད།” ཅེས་བཤད་འདུག ཕོ་བྲང་དཀར་པོའི་ངོས་ནས་རྒྱུན་ལྡན་གྱི་གྲོས་མོལ་བྱ་རྒྱུར་རེ་བ་མེད་ཚུལ་བཤད་འདུག

གནམ་གཤིས་ཚོགས་པ་དེས་བཤད་ན། ཁོང་ཚོས་ངོ་རྒོལ་རྔམ་སྟོན་བྱས་པ་དེས། “ཁོང་ཚོར་གྲོས་བསྡུར་མདུན་ཅོག་སྟེང་དུ་གོ་གནས་ཤིག་ཐོབ་ཡོད་”ཅེས་བཤད་འདུག

རྒྱལ་ཡོངས་གནམ་གཤིས་སློབ་སྟོན་པ་Ali Zaidi ཡིས། ཁ་པར་བརྒྱུད་ནས་བཤད་པ་ལྟར་ན། “གནམ་གཤིས་ཚོགས་པ་དེས་ནུས་ཤུགས་དྲུང་ཆེ་གཞོན་པ་ David Turk ལ་ངོ་རྒོལ་བྱས་ཡོད་པ་རེད་ལ། ངོ་རྒོལ་བྱས་པའི་ཕྱིར་ཉིན་དེར། ནུས་ཤུགས་དྲུང་ཆེ་གཞོན་པས་ཁོར་སྲུང་བ་སྐུ་ཞབས་ Greenberg གདན་འདྲེན་ཞུས་ནས་ཐུག་འཕྲད་བྱས་ཡོད་པའི་” གནས་ཚུལ་གསར་འགོད་པར་བཤད་འདུག

ཡང་ཁོར་སྲུང་བ་སྐུ་ཞབས་Greenberg ཡིས་བཤད་ན། གཞུང་གི་མི་སྣས་ང་ཚོར་ཐུག་འཕྲད་བྱེད་འདོད་ཡོད་པའི་རྒྱུ་མཚན་ནི། “ང་ཚོའི་གནམ་གཤིས་གནད་དོན་ཛ་དྲག་ཏུ་བརྩི་བཞིན་ཡོད་པ་དང་། ང་ཚོའི་གོམས་སྟབས་གང་འདྲ་ཡིན་པ་ཁོང་ཚོས་ཤེས་ཀྱིན་པ་རེད་” ཅེས་བཤད་འདུག

ཁོང་གིས་ད་དུང་གསལ་བཤད་བྱས་པ་ཡིན་ན། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི། “གནམ་གཤིས་ཀྱི་དཀའ་ངལ་དེ་ཨ་རིའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་བཟོ་རྒྱུ་དེ་ཡིན། དེ་བཞིན་དུ། མི་རིགས་འདྲ་མཉམ་དང་། མི་ཚང་མས་བཤད་བཞིན་པའི་དཔལ་འབྱོར་གནད་དོན་ཡང་ཆབ་སྲིད་པའི་དོ་སྣང་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པར་བཟོ་རྒྱུ་ནི་ང་ཚོའི་དམིགག་ཡུལ་ཡིན་”ཞེས་བཤད་འདུག

ད་ལྟ་ཨ་རིའི་དབུས་གཞུང་གི་ངོས་ནས་གནམ་གཤིས་ཚོགས་པ་དེ་ལ་དོ་སྣང་བྱ་བཞིན་པ་མ་ཟད། སྲིད་འཛིན་དང་གྲོས་ཚོགས་འཐུས་མི་ཚོས་ཚོགས་པ་འདིའི་སྐོར་ནསསགླེང་སློང་བྱས་ཡོད་པ། གྲོས་ཚོགས་འཐུས་མི་ Ro Khanna ཡིས་སྐད་ཆ་ལུང་འདྲེན་བྱས་འདུག

ཁོར་ཡུག་ཚོགས་པ་འདིས་དམངས་གཙོ་ཚོགས་པའི་བྱེད་སྒོ་ལ་བར་ཆད་བཏང་ནས་ངོ་རྒོལ་སྐད་འབོད་བྱེད་དོན་ནི། ད་ལྟ་ཨ་རིའི་འཛིན་སྐྱོང་དེ་དམངས་ཚོགས་པའི་བཟུང་ཡོད་པས། ཁོང་ཚོས་གནམ་གཤིས་སྐོར་ལ་ལས་དོན་སྤེལ་བར་ཡིད་ཆེས་བྱེད་བཞིན་པ་རེད།

ཨ་རིའི་དབུས་དངུལ་ཁང་གི་དྲུང་ཆེ་ Jerome Powell ནི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ཟུར་བ་Turmp ཀྱིས་བསྐོ་བཞག་བྱས་བ་ཡིན་པ་དང་། ཁོར་སྲུང་ཚོགས་པ་འདིས། ཨ་རིའི་དབུས་དངུལ་ཁང་གི་དྲུང་ཆེ་ Powell ཡི་གཏམ་བཤད་ལ་བར་ཆད་བྱས་ནས་ངོ་རྒོལ་བྱས་པའི་དམིགས་ཡུལ་གཅིག་ནི། རྡོ་སྣུམ་ལས་གཞི་དག་ལ་མ་དངུལ་གཏོང་མཁན་གྱི་མགོ་ཁྲིད་ཚོར་རེ་རེ་བྱས་ནས། ཨ་རིའི་དབུས་དངུལ་ཁང་གི་ངོས་ནས་ཐེར་འདོན་བྱ་དགོས་རྒྱུ་དེ་ཡིན་ཀྱང་། ད་ལྟའི་ཆ་ལ་ཨ་རིའི་དབུས་དངུལ་ཁང་གིས། དེ་འདྲ་བྱས་ན་ “འོས་འཚམས་མིན་པར་”བཤད་ཏེ། དེའི་སྐོར་ལ་ལས་དོན་གང་ཡང་སྤེལ་མི་འདུག

climate change protesters
climate change protesters

ཁོར་སྲུང་བ་སྐུ་ཞབས་ Greenberg ཡིས་བཤད་ན། ད་ལྟ་དངུལ་ཁང་རྣམས་ལ་སའི་གོ་ལ་མེར་སྒྲོན་རྒྱུར་ཆོག་མཆན་ཐོབ་ཡོད་པ་རེད། ཡིན་ན་ཡང་། ཨ་རིའི་དབུས་དངུལ་ཁང་གིས་དེའི་སྐོར་ལ་ལས་དོན་གང་ཡང་སྤེལ་གྱིན་མི་འདུག་ཅེས་བརྗོད་འདུག སའི་གོ་ལ་མེར་སྒྲོན་པ་ཞེས་བའི་ནང་དོན་ནི། དངུལ་ཁང་ཚོས་རྡོ་སྣུམ་ཐོན་སྐྱེད་ལ་མ་དངུལ་གཏོང་གིན་ཡོད་པར་དམིགས་ནས་བཤད་ཀྱིན་ཡོད་པ་རེད།

གང་ལྟར་གནམ་གཤིས་ངོ་རྒོལ་ཚོགས་པས་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུ་ཡིན་པ་ཁས་ལེན་བྱས་འདུག་ལ། ཁོང་ཚོའི་ལས་དོན་ལ་ཨ་རིའི་མཐོ་རིམ་ཆབ་སྲིད་མིས་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་འདི་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་མཁན་ཚུལ་ཁྲིམས་རྒྱ་མཚོ་ཡིན།

XS
SM
MD
LG