ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

ཧི་མ་ལ་ཡའི་རི་རྒྱུད་དུ་རྐྱེན་ངན་གྲོགས་ཤར།  


ལ་དྭགས་འཇམ་དབྱངས་སློབ་གྲྭའི་སྐོར་གྱི་བགྲོ་གླེང་།
ལ་དྭགས་འཇམ་དབྱངས་སློབ་གྲྭའི་སྐོར་གྱི་བགྲོ་གླེང་།

ལ་དྭགས་ཀྱི་དགེ་བཤེས་ཤིག་གིས་བརྗོད་ན་བོད་མི་རིགས་ལ་ཆག་འཇིག་བྱུང་བའི་དུས་ངན་འདིར་ཧི་མ་ལ་ཡའི་རི་རྒྱུད་དུ་རྐྱེན་ངན་གྲོགས་ལ་ཤར་བའི་ཚུལ་གྱིས་བོད་ཀྱི་རིག་གཞུང་རྒྱུད་འཛིན་ཀྱི་ལྟེ་གནས་ཤིག་ཆགས་རྒྱུའི་གོ་སྐབས་བྱུང་ཡོད་ཅིང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་རྒྱལ་ཁབ་ཁག་ལ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་འགན་འཁྲི་ཡོད་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་དེ་བོད་ཀྱི་ཆོས་རིག་འཛིན་སྐྱོང་བྱེད་སའི་ལྟེ་གནས་ཤིག་ཏུ་འགྱུར་བར་ད་ལྟ་ནས་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

དགེ་བཤེས་ལྷ་རམས་པ་བློ་བཟང་བསམ་གཏན་ལགས།
དགེ་བཤེས་ལྷ་རམས་པ་བློ་བཟང་བསམ་གཏན་ལགས།

༧གོང་ས་མཆོག་གི་ལམ་སྟོན་མཐུན་འགྱུར་འོག་ལ་དྭགས་གླེ་རུ་བཙུགས་ཡོད་པའི་འཇམ་དབྱངས་སློབ་གྲྭ་ནི་ལ་དྭགས་ནས་ཡིན་པའི་དགེ་བཤེས་ལྷ་རམས་པ་བློ་བཟང་བསམ་གཏན་ལགས་ཀྱིས་གསར་འཛུགས་གནང་བར་མཛད་འགན་བཞེས་ཏེ་སྤྱི་ལོ་༢༠༠༨་ལོར་སྒོ་འབྱེད་མཛད་སྒོ་འཚོགས་ཤིང་། དང་ཐོག་ཉམ་ཐག་བྱིས་པ་༦༠་ཙམ་ནས་ད་ལྟ་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་རིམ་བཅུ་བའི་བར་སློབ་མ་༣༠༠་ལྷག་ཡོད་པའི་ཚད་ལྡན་གྱི་སློབ་གྲྭ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ད་དུང་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ལ་ནུས་པ་འདོན་བཞིན་པའི་སློབ་གྲྭ་ཞིག་ཆགས་ཡོད་འདུག

ད་ལྟ་འཇམ་དབྱངས་སློབ་གྲྭའི་ངེས་སྟོན་པ་གནང་བཞིན་པའི་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་གསུང་དོན་ལྟར་ན། ལ་དྭགས་དང་པ་ཀི་སི་ཐན་གྱི་ས་མཚམས་སུ་ཨརྱ་མི་རིགས་སོགས་ཡོ་རོབ་ཀྱི་མི་རིགས་ལ་འདྲེས་པའི་འབྲོག་པའི་ཚོ་ཁག་བཞི་ལྔ་ཞིག་ལ་མི་འབོར་སྟོང་ཁ་ཤས་ཤིག་ཡོད་པ་རྣམས་ནང་པ་ཤ་སྟག་ཡིན་ཡང་། ས་ཁུལ་དེ་གའི་མི་མང་གི་འཚོ་བ་དང་ཤེས་ཡོན་གྱི་ཆ་རྐྱེན་ཞན་པོ་ཡོད་པ་༧གོང་ས་མཆོག་གིས་གསན་གནང་རྗེས་དགེ་བཤེས་ལགས་ལ་ཚོ་བ་དེ་ཚོའི་ཉམ་ཐག་བྱིས་པ་ཚོའི་ཆེད་དུ་སློབ་གྲྭ་ཞིག་འཛུགས་རྒྱུ་དང་འགྲོ་གྲོན་ཡོངས་རྫོགས་༧གོང་ས་མཆོག་གི་དགེ་རྩ་ནས་གཏོང་རྒྱུ་བཀའ་འགྲེལ་བྱུང་བ་ལྟར། སྤྱི་ལོ་༢༠༠༦་ལོ་ནས་སྡོད་ཁང་གསར་རྒྱག་དང་༢༠༠༨་ལོར་སློབ་གྲྭ་དབུ་འབྱེད་གནང་བ། སྤྱི་ལོ་༢༠༠༩་ལོར་༧གོང་ས་མཆོག་སྐུ་དངོས་སུ་ཕེབས་ཏེ་སློབ་གྲྭའི་འཛིན་གྲྭ་སོགས་ཀྱི་བྱེད་སྒོ་ཁག་ཡོངས་སུ་དབུ་འབྱེད་གནང་བ། ད་ལྟ་འཛིན་རིམ་བཅུ་བའི་བར་སློབ་མ་༣༠༠་ལྷག་ཡོད་པའི་ཐོག་ལ། ཡང་འཛིན་རིམ་༡༡་དང་༡༢་ལ་སློབ་གྲྭ་གཞན་དུ་བསྐྱོད་བཞིན་ཡོད་ཀྱང་། ཡང་འཚོ་བ་སྐྱེལ་སའི་གཞིས་ཁྱིམ་འཇམ་དབྱངས་སློབ་གྲྭ་ཡིན་པ་རེད། ཡང་འཇམ་དབྱངས་སློབ་གྲྭའི་སློབ་ཚན་ལ་མཚོན་ན་རིགས་ལམ་དང་སུམ་རྟགས། སྙན་ངག ནང་ཆོས། ༧གོང་ས་མཆོག་གི་དགོངས་པ་ལས་བྱུང་བའི་ཡ་རབས་བཟང་སྤྱོད་ཀྱི་སི་ཤེས་ཡོན་བཅས་སློབ་ཁྲིད་གནང་བཞིན་པ་མ་ཟད། འཇམ་དབྱངས་སློབ་གྲྭས་འཚོ་བ་དང་སློབ་ཡོན་གཉིས་ཀར་བདག་པོ་རྒྱག་བཞིན་པའི་སློབ་མ་༤༠་ཙམ་རྒྱ་གར་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པ་རེད་འདུག ཡང་གལ་ཏེ་རྒྱ་གར་དབུས་གཞུང་གི་སློབ་གསོའི་མ་དངུལ་ཆ་ཚང་བླངས་པ་ཡིན་ན་གཞུང་གི་སློབ་གསོའི་ལམ་ལུགས་འོག་བསྐྱོད་དགོས་པས། འཇམ་དབྱངས་སློབ་གྲྭས་གཞུང་གི་མ་དངུལ་་ཉུང་ངུ་ལས་ལེན་གི་མེད་པར་མུ་མཐུད་དུ་སློབ་གྲྭའི་སློབ་གསོའི་མ་ལག་དེ་སྒེར་ལུགས་དང་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ལ་ཤུགས་རྒྱག་གི་ཡོད་པ་རེད།

འཇམ་དབྱངས་སློབ་གྲྭའི་ངེས་སྟོན་པ་གནང་བཞིན་པའི་དགེ་བཤེས་བློ་བཟང་བསམ་གཏན་ལགས་དང་བགྲོ་གླེང་།
འཇམ་དབྱངས་སློབ་གྲྭའི་ངེས་སྟོན་པ་གནང་བཞིན་པའི་དགེ་བཤེས་བློ་བཟང་བསམ་གཏན་ལགས་དང་བགྲོ་གླེང་།

ཡང་དགེ་བཤེས་ལགས་ལ། ཕྱོགས་གཅིག་ནས་ཉམ་ཐག་བྱིས་པ་ཚོར་ཤེས་ཡོན་གྱི་གོ་སྐབས་བསྐྲུན་པ་དང་། ཕྱོགས་གཞན་ཞིག་ནས་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་སོགས་སློབ་ཁྲིད་བྱེད་སྐབས། བྱིས་པ་རང་ཉིད་དང་ཁྱིམ་བདག་ཚོའི་འདུ་ཤེས་སུ་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་ཡིན་པའི་བསམ་བློ་ཡོད་མེད་སྐད་ཆ་དྲིས་སྐབས། དགེ་བཤེས་ལགས་ཀྱིས་གསུང་དོན། མི་མང་དང་བྱིས་པ་ཚོའི་ཕ་མ་ཡིན་ན་རེད། འདོད་པ་ཚིམས་པོ་ཞིག་གི་ཐོག་ནས་ངོས་འཛིན་ཞུ་བསྡད་ཡོད། ལྷག་པར་དུ་འཇམ་དབྱངས་སློབ་གྲྭའི་ནང་དུ་སློབ་མ་ཚུད་པ་ཡིན་ན་ནང་ཆོས་ཡག་པོ་ཤེས་ཀི་འདུག སོ་སོའི་སྐད་ཡག་པོ་ཤེས་ཀི་འདུག སོ་སོའི་ཡུལ་གྱི་གོམས་གཤིས་བཟང་བོ་མ་ཉམས་རྒྱུད་འཛིན་བྱེད་ཐུབ་ཀི་འདུག་ཅེས་འབྱོར་ལྡན་གྱི་བྱིས་པ་དེ་འདྲ་ཡང་འཇམ་དབྱངས་སློབ་གྲྭའི་ནང་དུ་གོ་སྐབས་རག་ཨེ་ཐུབ་ལྟ་བཞིན་ཡོད། རྩ་བའི་ལ་དྭགས་ཀྱི་ཆོས་དང་རིག་གཞུང་དེ་བོད་པ་དང་གཅིག་མཚུངས་གཅིག་གྱུར་རེད། ཡིན་ན་ཡང་དགོས་པ་རྒྱུ་མཚན་གྱི་དབང་གིས་ལ་དྭགས་འདི་རྒྱ་གར་གྱི་མངའ་ཁོངས་སུ་ཆགས་པ་རེད་མ་གཏོགས། རྒྱ་གར་གཞུང་དང་འབྲེལ་བ་ལས། གནའ་སྔོན་མ་བོད་དང་འབྲེལ་བ་ཤུགས་ཆེ་བ་ཡོད། བོད་ལ་གྲྭ་རྒྱུན་གཏོང་རྒྱུ་དང་སློབ་གཉེར་ལ་བསྐྱོད་སྲོལ་སོགས་ཡོད། བོད་ལ་རྐྱེན་ངན་བྱུང་བའི་རྗེས་སུ་ལ་དྭགས་གཙོ་བོར་གྱུར་བའི་ཧི་མ་ལ་ཡའི་རི་རྒྱུད་འདི་རྐྱེན་ངན་གྲོགས་ཤར་ཞིག་གི་ཚུལ་ལ་ནང་ཆོས་སྦྱོང་བའི་གོ་སྐབས་ཡག་པོ་དང་བོད་སྐད་སྦྱོང་བའི་གོ་སྐབས། བོད་ཡིག་སྦྱོང་བའི་གོ་སྐབས། བོད་ཀྱི་ཆོས་དང་རིག་གཞུང་། དངོས་གནས་ང་ཚོའི་ས་གནས་ས་ཐོག་རྒྱ་གར་རང་ལ་བྱེས་ཀྱི་གདན་ས་ཆེན་པོ། ཆོས་ལུགས་ཆོས་རྒྱུད་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཡོད་བསྡད་དུས། འདི་ཚོའི་ནང་ལ་ང་ཚོར་སློབ་སྦྱོང་བྱེད་པའི་གོ་སྐབས་མང་པོ་ཐོབ། གོ་སྐབས་ཐོབ་པའི་དགེ་བའི་བཤེས་གཉེན་དེ་ཚོ་ཡུལ་ལྗོངས་སོ་སོ་ལ་ཕྱིར་ལོག་བྱེད་ཡོང་དུས། དགོན་པ་སོ་སོའི་ནང་ལ་བསླབ་པ་སློབ་གཉེར་ཚགས་ཚུད་ལ་འགྲོ་བ། མི་མང་གི་ནང་ཆོས་ཀྱི་ཤེས་རྒྱ་གོང་ནས་གོང་དུ་འཕེལ་བ་མཚོན་པའི་མི་མང་གི་ནང་ལ་ནང་ཆོས་ཀྱི་འཛིན་གྲྭ ཆོས་ཚོགས་དེ་འདྲས་ཁུར་མང་པོ་བཞེས་ཏེ་དཔེར་ན་དཔལ་ནཱ་ལེནྜའི་ཆོས་ཚོགས་ཀྱིས་འཇམ་དབྱངས་སློབ་གྲྭ་འཛིན་སྐྱོང་བྱེད་བཞིན་པ། དོན་གཉེར་ཅན་ཚོར་ཆོས་ཀྱི་འཛིན་གྲྭ་རིམ་པ་མང་པོ་དང་འཆར་ཅན་འཚོགས་བཞིན་པ་རེད། ལྷག་པར་དུ་གཟའ་ཉི་མའི་ཉིན་ལ་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་འཚོགས་པ་སོགས། འདི་དང་འདི་འདྲ་བའི་ཆོས་ཚོགས་མང་པོས་ལས་འགན་ཁུར་བསྡད་ཡོད་ཅེས་དང་། ཡང་མུ་མཐུད་དུ། ༧སྐུ་མདུན་ཡིད་བཞིན་ནོར་བུས་ཡང་ཡང་བཀའ་སློབ་ཕེབས་བསྡད་ཡོད་པ་རེད། བཀའ་སློབ་ཕེབས་པ་གཞིར་བཟུང་གིས་ང་ཚོའི་ཡུལ་མི་མང་ཚོགས་དང་། སྒེར་གྱི་སློབ་གྲྭ་ཁག་ཏུ་བོད་པའི་སྐད་དང་ཡི་གེ། ད་བོད་པའི་སྐད་ཟེར་ན་འགྲིག་ལ། བྷོ་ཊའི་སྐད་ཟེར་ན། ལ་དྭགས་སྐད་ཟེར་ན་གང་ལྟར་འབབ་ས་གཅིག་རེད། ང་ཚོའི་ནམ་རྒྱུན་དབྱངས་བཞི་དང་གསལ་བྱེད་སུམ་བཅུའི་བདག་ཉིད་ཅན་གྱི་སྐད་ཡིག་དེ་ཆགས་བསྡད་ཡོད་པ་རེད། སྐབས་རེར་མིང་ག་རེ་འདོགས་མིན་ལ་མཁས་པ་ཚོར་རྩོད་པ་ཏོག་ཙམ་རེ་ཡོད་པ་རེད་དེ། དེ་ཚོ་ཆུང་ཆུང་རེད་བསམ་བསྡད་ཡོད། སོང་ཙང་མདོ་དོན་ལ་དྭགས་སུ་སྒེར་བའི་སློབ་གྲྭ་ཚོའི་ནང་ལ་༧སྐུ་མདུན་ཡིད་བཞིན་ནོར་བུས་ལམ་སྟོན་མང་པོ་ཕེབས་པ་ལྟར། བོད་ཀྱི་ཆོས་དང་རིག་གཞུང་གི་རིགས་ལམ་གྱི་འཛིན་གྲྭ་དེ་འདྲ་འཚོགས་ནས། ང་ཚོའི་འཇམ་དབྱངས་སློབ་གྲྭར་དཔེ་བཞག་ན་མཁས་དབང་དམུ་དགེ་བསམ་གཏན་ཚང་གི་རིགས་ལམ་གྱི་ཕྱག་དེབ་སློབ་ཁྲིད་བྱེད་བསྡད་ཡོད། སོང་ཙང་རྟགས་གསལ་གཏོང་རྒྱུ་སོགས་འཇང་དགུན་ཆོས་ཞེས་དམིགས་སུ་བཀར་ནས་ཐ་སྙད་བཏགས་ཡོད་པ་མ་རེད་དེ། ༧སྐུ་མདུན་ཡིད་བཞིན་ནོར་བུས་༢༠༡༣་ལོ་ནས་གསར་འཛུགས་མཛད་པའི་ལ་དྭགས་དབྱར་ཆོས་ཆེན་མོ་ཞེས་པ་ཞིག་འཚོགས་སྲོལ་ཡོད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུད་འཛིན་གྱི་ཆེད་དུ་བོད་ནང་ལ་འཇང་དགུན་ཆོས་འཚོགས་བཞིན་པ་དེའི་སྲོལ་འདྲ་བ། དགོན་སྡེ་ཆེ་ཁག་གི་སློབ་མ་དང་སློབ་གྲྭ་ཆེ་ཁག་གི་སློབ་མ། ཆོས་ལུགས་རིས་སུ་མ་ཆད་པའི་མཁས་དབང་ཚོ་གདན་འདྲེན་ཞུས་ཏེ་རིགས་ལམ་རྩོད་པ། གཏམ་བཤད་གནང་རྒྱུ་སོགས་ལས་འགུལ་ཞིག་ཚ་ཚ་འུར་འུར་འགྲོ་བསྡད་ཡོད། འདི་རྣམས་མ་འོངས་པ་༧སྐུ་མདུན་ཡིད་བཞིན་ནོར་བུས་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་ཞེས་གསུང་བསྡད་པའི་གྲ་སྒྲིག་ཅིག་གི་ཆ་ཤས་ལ་ངོས་འཛིན་གྱིས་ང་ཚོས་ཧུར་ཐག་རྦད་ཐག་ངང་ཡག་པོ་ཡོང་གི་འདུག་བསམ་པའི་ཡིད་ཆེས་ཤིག་གི་ཐོག་ནས་ལས་ཀ་བྱེད་མུས་ཡིན་ཞེས་གསུང་སོང་།

ཡང་ས་མཚམས་ཀྱི་དཀའ་རྙོག་གང་འདྲ་ཆེ་ཡང་ལ་དྭགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ལ་འགོག་རྐྱེན་འཕྲད་རྒྱུ་མིན་པར་དགེ་བཤེས་ལགས་ཀྱིས་ཡིད་ཆེས་བྱེད་བཞིན་པ་འདིའི་ཐད་ནས་གསུང་རྒྱུར། མ་གཞི་ནས་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་ཟེར་བ་ཞིག་མེད་ཀྱང་བོད་ས་བཙན་བཟུང་བྱས་རྗེས་བཤད་སྟངས་དེ་འདྲ་སླེབས་པ་རེད། གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ག་ཚོད་ཀྱིས་ཁྱབ་སྤེལ་སོང་ན་དེ་ཙམ་གྱིས་རྒྱ་གར་གཞུང་ལ་ཕན་ཐོགས་ཆེན་པོ་ཡོད། ས་མཚམས་སུ་གནས་པའི་མི་མང་ཚོ་ཞི་འཇམ་པོ། ཆོས་དང་རིག་གཞུང་ཕྱུག་པོ་ཡིན་པས་རྒྱ་གར་ལ་དགོས་གལ་ཆེན་པོ་ཡོད་ཅེས་གསུང་བྱུང་། དེ་མིན་ད་དུང་དགེ་བཤེས་ལགས་ཀྱིས་གསུང་དོན་ལྟར་ན། ལ་དྭགས་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་མང་པོར་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ནས་སློབ་གཉེར་མཛད་པའི་བླ་མ་དང་དགེ་བཤེས། གྲྭ་བ་སོགས་ཕྱིར་སོ་སོའི་ཕ་ཡུལ་དུ་ཕེབས་ཏེ་དགོན་པ་བཞེངས་པ། སློབ་གྲྭ་དང་རྒན་གསོ་ཁང་འཛུགས་བཞིན་པ། སྤྱི་ཚོགས་ཞབས་ཞུ་སོགས་ལ་ཐུགས་འགན་ཆེར་བཞེས་གནང་བར་མི་མང་གིས་མངོན་གསལ་དོད་པོས་ངོས་འཛིན་ཐོབ་བཞིན་ཡོད་འདུག

ད་ལྟ་བོད་ཀྱི་གནས་སྟངས་འདི་འདྲའི་ཆག་འཇིག་གི་སྐབས་སུ་སླེབས་དུས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་གཙོ་བོར་གྱུར་བའི་སོག་རིགས་དང་འབྲུག་པ། བལ་བོའི་མི་བཅས་བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་པའི་མཐའ་མཚམས་ཁག་གི་རྒྱལ་ཁབ་གཞན་གྱི་མི་སེར་ཚོས་ཤུགས་རྒྱག་དགོས་ལ། ཤུགས་དེ་ཡང་འཆར་གཞི་ལྡན་པའི་ངང་ཕུགས་རྒྱང་རིང་བོར་བསམ་བློ་བཏང་སྟེ་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཁེ་ཕན་ཁོ་ན་མ་ཡིན་པར། ༧སྐུ་མདུན་ཡིད་བཞིན་ནོར་བུས་སེམས་ཁམས་རིག་པ་ཕྱུག་པོ་ཡིན་པའི་བོད་ཀྱི་རིག་གཞུང་འདི་སྲུང་སྐྱོབ་བྱེད་ཚེ་དེ་ནི་མི་རིགས་དང་རྒྱལ་ཁབ་ཙམ་ཁོ་ན་མིན་པར་འཛམ་གླིང་སྐྱེས་འགྲོ་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་གཞི་རྩ་ཞིག་ཡོད་བསྡད་དུས་དེ་སྲུང་སྐྱོབ་བྱེད་པར་མཉམ་རུབ་ཀྱིས་ལས་འགན་ཡོད་པ་ལམ་སྟོན་གང་གནང་བ་ལྟར་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་ཞུ་དང་ཞུ་མུས་ཡིན་ཞེས་དགེ་བཤེས་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

ཡང་དགེ་བཤེས་ལགས་ཀྱིས་གསུང་རྒྱུར། ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་ཉེ་ཆར་༧གོང་ས་མཆོག་ལ་མཚན་སྨད་ཞུས་ཏེ་གཞི་མེད་བསྐུར་འདེབས་བྱེད་སྐབས། དེ་ཚོ་ཆབ་སྲིད་ཀྱི་དགོས་མཁོ་ཙམ་གྱི་ཆེད་དུ་རེད་ཅེས་དོ་སྣང་མ་བྱེད་པར་བཞག་ཚེ་ངན་པ་ལངས་ཤོར་གྱིས་དེ་འདྲ་ཇེ་མང་འགྲོ་གི་རེད་བསམ་ཏེ་ང་ཚོས་སྐབས་དེར་མི་མང་ལ་དོ་སྣང་གནང་དགོས་པའི་སྐུལ་མ་ཞུ་རྒྱུ་བྱུང་། ཧི་མ་ལ་ཡའི་མི་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་ལ་གཞི་མེད་སྐུར་འདེབས་ཞུས་ཚེ་ང་ཚོས་བཟོད་སྒོམ་བྱེད་ཐབས་མེད་ཅེས་ཆབ་སྲིད་ཁོ་ན་མིན་པར། དད་པ་དམ་ཚིག་རྩེ་གཅིག་གི་ལས་འགུལ་སྤེལ་ཡོད་ལ། དེ་ནི་རྒྱ་ནག་གཞུང་དང་རྒྱ་གར་གཞུང་། འཛམ་གླིང་མི་མང་བཅས་ལ་བརྡ་ལན་གསལ་བོ་ཞིག་སྤྲོད་ཐུབ་ཡོད་པས་མ་འོངས་པ་ཡང་དེ་མཚུངས་ཀྱིས་ང་ཚོ་གྲུང་རིག་རིག་བྱེད་དེ་འདུག་དགོས། ཞེས་བརྗོད་བྱུང་།

XS
SM
MD
LG