ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

མ་སུ་རི་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་ཟུར་པ་ཚོའི་རྒྱབ་སྐྱོར།


༄༅།། ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༡༨་ནས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཨང་༡༧་པ་བསྟན་འཛིན་ཕྱོགས་གླང་ཨ་མི་རི་ཀའི་ནུབ་ཕྱོགས་ཀྱི་སི་ཨེ་ཊིལ་གྲོང་ཁྱེར་དུ་འབྱོར་ཏེ་པོར་ཊི་ལན་ཌི་དང་ཡུ་ཊ། སན་ཧྥ་རན་སེ་སི་ཀོ་དང་མཱི་ནི་སོ་ཌ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་བཅས་ལ་ཕྱོགས་སྐྱོད་འགོ་བཙུགས་ཡོད་ཅིང་། ཕྱི་ཟླ་༨་པའི་ཚེས་༡༢་ནས་ནེའུ་ཡོག་དང་ཕྱི་ཚེས་༡༦་ནས་བྷོ་སི་ཊོན། དེ་ནས་ཐོངས་མཆན་རག་ན་ཁེ་ན་ཌར་ཕེབས་ནས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་དང་སློབ་ཕྲུག་ཟུར་པ་ཚོར་ཐུག་འཕྲད་ཀྱིས་དཔལ་འབྱོར་འདུ་འགོད། སློབ་ཕྲུག་ཚོར་སྦྱིན་བདག་གསར་པ་འཚོལ་ཐབས་ཀྱི་ལས་དོན་ཞིག་སྒྲུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༤་ཉིན་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་ཕྱོགས་སྐྱོད་ཟིན་པའི་ཨ་མི་རི་ཀའི་ས་གནས་ཁག་གི་མ་སུ་རི་བོད་ཁྱིམ་གྱི་དགེ་ལས་ཟུར་པ་དང་སློབ་ཕྲུག་ཟུར་པ་ཚོས་རོགས་དངུལ་ཞལ་འདེབས་གང་ལེགས་གནང་སོན་བྱུང་། སློབ་ཕྲུག་ལ་སྦྱིན་བདག་གསར་པའང་༧༠་ལྷག་རག་སོང་། ད་དུང་ནེའུ་ཡོག་དང་བྷོ་སི་ཊོན། ཁེ་ན་ཌ་དང་ཕྱིས་སུ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་བསྐྱོད་པའི་དུས་སུའང་མ་སུ་རི་བོད་ཁྱིམ་གྱི་དགེ་ལས་ཟུར་པ་དང་སློབ་ཕྲུག་ཟུར་པ་ཚོས་སྔར་བཞིན་རོགས་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་རྗེས་སུ་ཡི་རང་དང་དགའ་ཚོར་ཆེན་པོས་གླེང་མོལ་གནང་འདུག

༢༠༡༤་ལོར་སྐབས་དེའི་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་ལྡིང་དཔོན་ཟུར་པ་སྤེན་པ་ཚེ་རིང་བྱང་ཨ་རིར་ཐེངས་དང་པོ་ཕེབས་ཏེ་བོད་པ་ཚོས་རང་གི་མི་རིགས་ལ་རྒྱབ་སྐྱོར་དང་ལྟ་སྐྱོང་། མ་སུ་རི་བོད་ཕྲུག་ཁྱིམ་སྡེ་གཙོས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་པ་ཚོར་འབོད་སྐུལ་ཞུས་ནས་སློབ་ཡོན་དང་འཚོ་གྲོན་རོགས་རམ་བཙལ། དེར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བོད་པ་ཚོས་རང་གི་མི་རིགས་ལ་རྒྱབ་སྐྱོར་དང་ལྟ་སྐྱོང་བྱ་དགོས་པའི་འདུ་ཤེས་ཆེ་རུ་ཕྱིན་པའི་རྣམ་པ་ཞིག་ཐོན། ཕྱི་གླིང་བ་ཚོས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཅིག་ལ་སྦྱིན་བདག་བྱས་ན་ལོ་རེར་ཨ་སྒོར་༥༠༠་རེ་སྤྲོད་དགོས་མོད། འོན་ཀྱང་བོད་པ་ཚོས་སློབ་ཕྲུག་རེར་སྦྱིན་བདག་བྱས་ན་ལོ་རེར་ཨ་སྒོར་༣༠༠་ལས་སྤྲོད་མི་དགོས་ཤིང་། བོད་པ་འགའ་ཤས་ཀྱིས་ལོ་རེར་ཨ་སྒོར་༥༠༠་རེ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག མ་སུ་རི་བོད་ཁྱིམ་གྱི་འབྲེལ་ཡོད་ཚན་པ་ཁག་གིས་སྦྱིན་བདག་སོ་སོར་འབྲེལ་བྱས་ནས་སློབ་ཕྲུག་གི་སྦྱངས་འབྲས་དང་འཛིན་རིམ་འཕར་བ་སོགས་ཡིག་ཐོག་ཏུ་བསྐུར། དེ་བཞིན་མ་སུ་རི་བོད་ཁྱིམ་གྱི་ངོ་དེབ་སོགས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་སློབ་གྲྭའི་འཕེལ་རྒྱས་དང་སློབ་ཕྲུག་གི་བྱེད་སྒོ་ཁག་རྟག་ཏུ་པར་རིས་དང་བརྙན་ཐུང་དུ་ཕབ་ནས་དྲྭ་ལམ་དུ་འགྲེམ་སྤེལ་བྱེད་པའི་ལམ་སྲོལ་གསར་པ་ཞིག་དར།།

དེང་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་མེས་པོ་ལྟ་བུར་བརྩི་ཆོག་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་དབུ་ཁྲིད་འོག་༡༩༦༢་ལོའི་ཕྱི་ཟླ་༡༡་པའི་ནང་གསར་དུ་ཚུགས། དེ་ནི་རྒྱ་གར་དུ་འབྱོར་བའི་བོད་པ་བཙན་བྱོལ་བའི་སློབ་གྲྭ་སྔོན་མ་དེ་ཡིན་ཞིང་། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགྲོ་གྲོན་གྱི་མ་རྩའི་ས་བོན་དངུལ་སྒོར་དེར་༧གོང་ས་མཆོག་ནས་ཧིན་སྒོར་༦༨༧༣༥.༥༢་གསོལ་སྩལ་མཛད། ད་ལྟ་ལོ་༦༡་རྗེས་སུ་ཧིན་སྒོར་དེ་རྣམས་སྐབས་འདིའི་འཛའ་ཐང་ལ་བསྒྱུར་ན་ཧིན་སྒོར་བྱེ་བ་༨་ཡས་མས་ཤིག་ཟིན། ༧གོང་ས་མཆོག་ནས་ཕྲེང་རིང་ལྷ་ལྕམ་སྐུ་ཞབས་སམ། རིན་ཆེན་སྒྲོལ་མ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་དང་པོར་བསྐོས་ཏེ་ལས་བྱེད་པ་ཉུང་ཤས་ཤིག་གིས་སློབ་གྲྭ་འཛིན་སྐྱོང་སྤེལ་གསུམ་གྱི་འགན་འཁྲི་བཞེས། ཐོག་མར་མ་སུ་རི་བོད་ཕྲུག་ཁྱིམ་སྡེར་ཁྱིམ་ཚང་༣་དང་སློབ་ཕྲུག་༧༥་ལས་མེད་པ་སྟེ། སློབ་ཕྲུག་དེ་རྣམས་ཕ་མ་གཉིས་ཀ་གྲོངས་པའི་དྭ་ཕྲུག་གམ། ཡང་ན་ཕྱེད་དྭ་ཕྲུག དེ་མིན་ན་ཕ་མ་ཚོ་རྒྱ་གར་གྱི་ས་གནས་ཁག་ཏུ་ལམ་བཟོའི་ངལ་རྩོལ་བརྒྱུག་ཏུ་བསྐྱོད་དགོས་པའི་བོད་པ་དབུལ་ཕོངས་ཚོའི་བུ་ཕྲུག་ཡིན་འདུག

སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་གིས་ད་ལྟ་མ་སུ་རི་བོད་ཕྲུག་ཁྱིམ་སྡེར་ཁྱིམ་ཚང་༣༡་དང་ར་ཇ་པུར། བདེ་སྐྱིད་གླིང་དང་རི་ཤི་ཀི་ཤི་བཅས་ལན་ལག་སློབ་གྲྭ་༣་ཡོད། མ་སུ་རི་དང་ར་ཇ་པུར་དུ་རྒན་གསོ་ཁང་གཉིས་དང་སྒྲོལ་དཀར་གླིང་བགྲེས་ཡོལ་ལས་བྱེད་པའི་སྡོད་སྒར་བཅས་མ་ལག་འགའ་ཞིག་ཡོད་པར་མ་ཟད། མ་སུ་རི་བོད་ཁྱིམ་གྱི་སྨན་ཁང་ཡང་རྒྱ་སྐྱོད་བྱུང་ཡོད། རྒྱ་ནག་གཞུང་གིས་ས་མཚམས་བཀག་སྟེ་བོད་ནས་རྒྱ་གར་ལ་སློབ་ཕྲུག་ཡོང་རྒྱུ་མཚམས་ནས་བཟུང་། མ་སུ་རི་བོད་ཁྱིམ་གྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནས་བོད་ཕྲུག་ཉམ་ཐག་ཚོར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་མགོ་བརྩམས། ལོ་ལྟར་རྒྱ་གར་དང་བལ་ཡུལ་གྱི་མཐའ་མཚམས་ཁག་ཏུ་ཆགས་པའི་ལ་དྭགས་པ་དང་མོན་པ་སོགས་བོད་པ་དང་ཆོས་རིག་གཅིག་པ། མི་རིགས་ཀྱི་འབྱུང་ཁུངས་གཅིག་པའི་ཧི་མ་ལ་ཡའི་ལྗོངས་ཀྱི་སློབ་ཕྲུག་ཚོར་སློབ་སྦྱོང་གོ་སྐབས་སྐྲུན་གྱི་ཡོད་ཅེས་བཀྲལ། ཧི་མ་ལ་ཡའི་ལྗོངས་ཀྱི་སློབ་ཕྲུག་དེ་རྣམས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་སློབ་སྦྱོང་ཐོན་པའི་རྗེས་སུ་རང་རང་གི་ས་གནས་ཁག་ཏུ་ཆེད་ལས་སྣ་ཚོགས་ཤིག་སྒྲུབ། ཁོ་ཚོས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་དང་ཟླ་ཤས་གོང་དུ་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་རེ་ཟུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་དམོད་ཞུས་པར་ཧི་མ་ལ་ཡའི་ལྗོངས་ཀྱི་སློབ་ཚོ་མདུན་དུ་ཐོན་ནས་ངོ་རྒོལ་ལས་འགུལ་སྤེལ།།

༡༩༧༩་ལོར་རྒྱ་ནག་གཞུང་གིས་སྲིད་ཇུས་གུ་ཡངས་ཅུང་ཙམ་བཏང་སྟེ་རྒྱ་གར་ནས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཚོགས་པ་ཐེངས་དང་པོ་བོད་ལ་གཟིགས་ཞིབ་ཕེབས་ཏེ་བོད་ཕྱི་ནང་གཉིས་ལ་འབྲེལ་བ་བྱུང་། བོད་དུ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་དང་ཐོབ་ཀྱང་ཤེས་ཡོན་སློབ་གསོ་སྤུས་དག་མ་ཐོབ་པའི་བོད་ཕྲུག་སྟོང་ཕྲག་མང་པོ་རྒྱ་གར་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་ལ་འབྱོར། མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གི་གྲས་སུ་བོད་ནས་འབྱོར་བའི་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་ཡུལ་གཙོ་གྲས་སུ་གྱུར། ལྷག་པར་དུ་སློབ་གྲྭ་འགྲིམ་པའི་ལོ་ཚད་ཡོལ་བ་དང་བོད་ནས་གསར་དུ་བསླེབས་པའི་ན་གཞོན་ཚོར་མ་སུ་རི་བོད་ཕྲུག་ཁྱིམ་སྡེས་སློབ་སྦྱོང་གི་གོ་སྐབས་མཆོག་ཏུ་གྱུར་པ་ཞིག་བསྐྲུན་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་སྨིན། དེའི་རྗེས་སུ་བཙན་བྱོལ་བོད་གཞུང་གིས་བོད་ནས་འབྱོར་བའི་ན་གཞོན་ཚོར་བྷིར་སློབ་གྲྭ་དང་གསོག་སྒར་སློབ་གྲྭ སུ་ཇ་སློབ་གྲྭའམ། ཤེས་རིག་དགའ་ཚལ་སློབ་གླིང་སོགས་རིམ་གྱིས་བཙུགས།།

མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་གིས་དུས་རབས་ཀྱི་འཕོ་འགྱུར་ལ་བསྟུན་ནས་སློབ་ཕྲུག་ཚོའི་ཤེས་ཡོན་སློབ་སྦྱོང་གི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་དང་གློག་ཀླད་སོགས་འཕྲུལ་ཆས་ཀྱི་མཐུན་རྐྱེན་མཁོ་སྦྱོར་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། སློབ་ཡོན་དང་སློབ་ཕྲུག་གི་འཚོ་གྲོན་སོགས་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་མེད་པ་དང་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་མ་རྩའི་དངུལ་སྒོར་གྱི་སྐྱེད་ཀ་འགྲོ་གྲོན་བཏང་ནས་དཀའ་ངལ་གང་འཚམ་ཞིག་སེལ་ཐུབ་ཀྱི་འདུག འོན་ཀྱང་སྨན་ཁང་དང་སྨན་བཅོས་ཀྱི་འགྲོ་གྲོན་དེ་དཀའ་ངལ་ཆེན་པོ་རེད། རྒྱ་གར་དུ་ཡུལ་ཐང་འཕར་བ་དང་སྨན་བཅོས་ཀྱི་འགྲོ་གྲོན་ཆེ་བ། མི་ལ་ན་ཚ་ནམ་འཕོག་རྒྱུ་ཡིན་མིན་སོགས་སྔོན་དཔག་མི་ཐུབ་པས་སྨན་བཅོས་ཀྱི་འགྲོ་གྲོན་དེ་དཀའ་ངལ་ཆེ་ཤོས་རེད། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་ལས་བྱེད་པ་དང་དགེ་རྒན། སློབ་ཕྲུག་དང་རྒན་རྒོན་སོགས་ཀྱི་སྨན་བཅོས་ཀྱི་འགྲོ་གྲོན་བརྒྱ་ཆ་བརྒྱ་ཐམ་པ་ཁྱིམ་ཚང་གཞུང་གིས་གཏོང་གི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

འགྲོ་བ་མིའི་སྤྱི་ཚོགས་སུ་མི་རིགས་དང་ཚོགས་པ། སྒྲིག་འཛུགས་སོགས་ལ་དབྱེ་བ་མེད་པར་ཁྲིམས་དང་སྒྲིག་གཞི། རྩིས་ཞིབ་ཀྱི་ལམ་སྲོལ་དམ་པོ་ཞིག་མེད་ན་ལྐོག་ཟ་རུལ་སུངས་འབྱུང་རྒྱུ་ཉིད་ཆོས་ཡིན་ཞིང་། དེས་ན་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་ནང་དུའང་ལྐོག་ཟ་རུལ་སུངས་འབྱུང་ཤས་ཆེ། སྔོན་ཆད་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་ནང་དུ་ལྐོག་ཟ་རུལ་སུངས་ཁྱབ་གདལ་ཕྱིན་འདུག་ཅེས་གནས་ཚུལ་འགའ་རེ་ཐོན། ཡིན་ནའང་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་གིས་བོད་ཁྱིམ་གྱི་འཛུགས་སྐྲུན་རྒྱུ་ཆ་ཉོ་སྒྲུབ་དང་སློབ་ཕྲུག་གི་ཟ་འབྲུ། སྒྲིག་ཆས་སོགས་ཀྱི་རས་ཆ་མངགས་ཉོ་དུས་སུ་རྩིས་ཞིབ་ཚོགས་ཆུང་ལོགས་སུ་བཙུགས་ཡོད། མ་འོངས་པར་ཅི་འབྱུང་བཤད་མི་ཐུབ་ཀྱང་ད་སྔ་ཕན་ཆད་ལ་མ་སུ་རི་བོད་ཕྲུག་ཁྱིམ་སྡེར་ལྐོག་ཟ་རུལ་སུངས་མ་བྱུང་བར་གཙང་མ་ཡིན། ལྐོག་ཟ་རུལ་སུངས་འགོག་རྒྱུ་དང་སྦྱིན་བདག་གིས་སྤྲད་པའི་དངུལ་སྒོར་རྣམས་ཆུད་ཟོས་སུ་མ་བཏང་བར་དམིགས་སྒོ་ཁག་ཏུ་འགྲོ་གྲོན་གཏོང་ཐབས་བྱ་རྒྱུ་ནི་ལས་འགན་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད་ཅེས་ལན་འདེབས་བྱས་འདུག

མ་སུ་རི་བོད་ཕྲུག་ཁྱིམ་སྡེ།
please wait

No media source currently available

0:00 0:22:49 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འབྲེལ་ཡོད།

XS
SM
MD
LG