ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་རིག་མཛོད་ཆེ་ཤོས་ཕྱི་རྒྱལ་ཉམས་ཞིབ་པ་ཚོར་སྒོ་བརྒྱབ་དོན་ཅི།


ཉེ་དུས་རྒྱ་ནག་ནང་གི་རིག་གཞུང་དཔྱད་རྩོམ་གྱི་རིག་མཛོད་ཆེ་ཤོས་CNKI ཞེས་པའམ་རྒྱ་སྐད་དུ་ཀྲིས་ཝང་ཞེས་པས་གཞི་གྲངས་ཕྱིར་གཏོང་སྐོར་གྱི་ཁྲིམས་ལུགས་གསར་པ་གཏན་འབེབས་བྱས་པར་ཁ་གཡར་ཏེ། ཕྱིའི་རྒྱལ་ཁབ་ཁག་གི་མཐོ་སློབ་དང་ཉམས་ཞིབ་ཁང་ཚོ་ལ་ད་ལོའི་སྤྱི་ཟླ་བཞི་པ་ནས་བཟུང་སྟེ། རིག་མཛོད་དེའི་ཆ་ཤས་ཤིག་སྒོ་བརྒྱབ་རྒྱུ་ཡིན་ཞེས་བརྡ་བཏང་འདུག། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་བཞུགས་རྒྱ་ནག་སྐོར་ལ་ཉམས་ཞིབ་བྱེད་མཁན་ཚོས་བྱེད་སྟངས་དེ་ནི་རྒྱ་ནག་གིས་འཛམ་བུ་གླིང་དང་ཁ་ཐག་རྒྱང་རིང་དུ་གྱེས་པའི་རྟགས་མཚན་གཞན་ཞིག་ཡིན་པར་མ་ཟད། འབྱུང་འགྱུར་རྒྱ་ནག་ནང་གི་གནས་སྟངས་ལ་ཉམས་ཞིབ་བྱ་རྒྱུ་ཇེ་ཁག་ཏུ་འགྲོ་རྒྱུ་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཨ་རིའི་ཁ་ལི་ཧྥུ་ནི་ཡ་གཙུག་ལག་སློབ་ཆེན་གྱི་དཔེ་མཛོད་ཁང་གིས་བརྗོད་དོན་ལ། སྤྱི་ཟླ་གསུམ་པའི་ཚེས་༡༧ ཉིན་རྒྱ་ནག་གི་རིག་མཛོད་CNKI ཞེས་པས་ཁོ་ཚོ་ལ་སྤྱི་ཟླ་༤ པའི་ཚེས་༡ ཉིན་ནས་བཟུང་རྒྱ་ནག་གི་རིག་མཛོད་དེ་ཁ་ཕྱེ་མི་ཐུབ་པ་ཆགས་རྒྱུ་རེད་ཅེས་བརྡ་ཞིག་བཏང་འདུག གཞན་ཡང་ཉི་ཧོང་གི་དཔལ་འབྱོར་དུས་དེབ་Nikkei Asia ཞེས་པས་གནས་ཚུལ་སྤེལ་གསལ་ལ། ཧོང་ཀོང་གྲོང་ཁྱེར་གྱི་གཙུག་ལག་སློབ་ཆེན་གྱི་དཔེ་མཛོད་ཁང་དང་ཐེ་ཝན་དབུས་ཞིབ་འཇུག་ཁང་གི་རྒྱ་ནག་གི་རྩོམ་ཡིག་དང་མཚན་ཉིད་རིག་པའི་ཉམས་ཞིབ་ཁང་སོགས་ཉམས་ཞིབ་ཁང་བཅུ་ལྷག་ལའང་། དེ་མཚུངས་ཀྱི་བརྡ་འབྱོར་ཏེ་ཤུགས་རྐྱེན་ཐེབས་ཡོད་པ་རེད། དེ་དོན་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་སྐོར་ཨ་རིའི་རླུང་འཕྲིན་ཁང་གིས་གོང་ཞུས་ཀྱི་སློབ་ཆེན་ཁག་ལ་འབྲེལ་བ་ཞུས་ཡོད་ཀྱང་ད་ཕན་ལན་གང་ཡང་འབྱོར་མེད་པ་རེད།

རིག་མཛོད་སྒོ་བརྒྱབ་པ་དེ་ནི་གྲང་དམག་བསམ་བློའི་མཚོན་རྟགས་གཞན་ཞིག་རེད།

རྒྱ་ནག་ནང་གི་རིག་གཞུང་དཔྱད་རྩོམ་གྱི་རིག་མཛོད་CNKI ཞེས་པ་ནི། ༡༩༩༩ ལོར་གསར་འཛུགས་བྱས་པ་ཞིག་དང་། དེ་ནི་ད་ཕན་རྒྱ་ནག་ནང་རིག་མཛོད་ཆེ་ཤོས་ཤིག་ཡིན་པ་རེད། རིག་མཛོད་དེས་༡༩༡༥ ལོ་ནས་ད་བར་རྒྱ་ནག་གཞུང་གི་གཞུང་འབྲེལ་གྱི་སྙན་ཐོ་དང་རིག་གཞུང་གི་དཔྱད་རྩོམ་སོགས་བསྡུ་རུབ་བྱས་ཏེ། སྲིད་དོན་དང་དཔལ་འབྱོར། སྤྱི་ཚོགས་ཚན་རིག། འཕྲུལ་རིག་ལག་རྩལ་སོགས་ཁྱབ་ཁོངས་མང་པོ་ཞིག་ལ་ཁྱབ་ཡོད་ལ། ལྷག་པར་དུ་རྒྱ་ནག་གི་ཡུལ་དངོས་སུ་ཆས་ནས་ཉམས་ཞིབ་བྱེད་མི་ཐུབ་མཁན་ཚོ་ལ་མཚོན་ན། རིག་མཛོད་དེ་ནི་ཁོ་ཚོའི་ཉམས་ཞིབ་བྱེད་དུས་ཀྱི་རྒྱུ་ཆའི་ཡོང་ཁུངས་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད།

ཨ་རིའི་ཇཱོ་ལྗི་ཝ་ཤིན་ཊོན་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་དགེ་རྒན་ཆེན་མོ་ཀའོ་ཏན་ཆིང་གིས་ཐེ་ཐེར་དྲ་ལམ་ཐོག་ཏུ་ཡིག་ཆུང་སྤེལ་ཡོད་པ་ལས། སྟབས་མ་ལེགས་པ་ཞིག་ལ་ད་ལྟའི་བར་དུ་འཛམ་གླིང་སྤྱིའི་སྒྲོམ་གཞི་དང་ཁ་བྲལ་གྱིས་རྒྱང་ནས་རྒྱང་དུ་གྱེས་མཁན་དེ་རྒྱ་ནག་ཡིན་པ་དང་། རྒྱ་ནག་གིས་ཉེ་དུས་རིག་མཛོད་དེ་ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཚོ་ལ་སྒོ་བརྒྱབ་པ་དེ་ནི། ནུབ་ཕྱོགས་དང་རྒྱ་ནག་བར་གྱི་ད་ཡོད་ཀྱི་འབྲེལ་ལམ་རྩ་ཆད་གཏོང་བའི་དཔེ་མཚོན་གསར་ཤོས་ཤིག་རེད་ཅེས་བཀོད་འདུག། དེ་བཞིན་དུ་འཇར་མན་ཨོ་སི་ཊིང་གཙུག་ལག་སློབ་ཆེན་གྱི་སྤྱི་པའི་ལས་དོན་སྐོར་གྱི་དགེ་རྒན་ཆེན་མོ་ཁྲེང་ཞིས་ནཱས་ཐེ་ཐེར་དྲ་ལམ་ཐོག་ཏུ་ཡི་གེ་སྤེལ་བའི་འབྲུ་དོན་ལ། ད་ལྟ་ཨ་རིའི་ནང་གི་གཙུག་ལག་སློབ་ཆེན་ཚང་མ་ལ་རྒྱ་ནག་གི་བརྡ་ཐོ་དེ་འབྱོར་ཡོད་པ་དང་། རྒྱ་ནག་གི་རིག་མཛོད་དེ་རྒྱ་ནག་སྐོར་ལ་ཉམས་ཞིབ་བྱེད་མཁན་ཚོ་ལ་རྒྱུ་ཆ་གལ་ཆེན་པོ་ཞིག་ཆགས་ཡོད་སྟབས། རྒྱ་ནག་གིས་རིག་མཛོད་དེ་སྒོ་བརྒྱབ་པར་བློ་འཚབ་ཡོད་ཅེས་བཀོད་འདུག།

དབྱིན་ཇིའི་ལོན་ཊོན་གཙུག་ལག་སློབ་ཆེན་གྱི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་གླིང་གི་རྒྱ་ནག་ཞིབ་འཇུག་ཁང་གི་འགན་འཛིན་ཙེན་རའེ་ཧྲེང་
དབྱིན་ཇིའི་ལོན་ཊོན་གཙུག་ལག་སློབ་ཆེན་གྱི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་གླིང་གི་རྒྱ་ནག་ཞིབ་འཇུག་ཁང་གི་འགན་འཛིན་ཙེན་རའེ་ཧྲེང་

གཞན་ཡང་དབྱིན་ཇིའི་ལོན་ཊོན་གཙུག་ལག་སློབ་ཆེན་གྱི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་གླིང་གི་རྒྱ་ནག་ཞིབ་འཇུག་ཁང་གི་འགན་འཛིན་ཙེན་རའེ་ཧྲེང་གིས་བརྗོད་དོན། ད་ལྟ་གནད་དོན་དེའི་སྐོར་ལ་ཤེས་རྟོགས་བྱུང་བ་ཧ་ལས་པ་ཉུང་ཉུང་ཡིན་ཞིང་། དེ་བས་དེར་གདོང་ལེན་བྱེད་སྟངས་གསལ་པོ་ཤེས་ཀྱི་མེད་ལ། ཅིག་བྱས་ན། རྒྱ་ནག་གིས་རིག་མཛོད་དེ་ཇི་སྲིད་བར་དུ་རྩ་བ་ནས་སྒོ་བརྒྱབ་སྲིད་པ་རེད། ད་ལྟ་རྒྱ་ནག་གི་ཕྱི་ལོགས་སུ་ཡོད་མཁན་གྱི་ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཉམས་ཞིབ་ཁང་སོགས་བརྒྱུད་ནས་རྒྱུ་ཆ་དེ་དག་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད་ཀྱང་། གལ་སྲིད་དངོས་འབྲེལ་དེ་ལྟར་ཡིན་ཚེ་ཉམས་ཞིབ་པ་ཚོ་ལ་རྒྱ་ནག་ཉམས་ཞིབ་ཁང་དེ་དག་གིས་རྟོག་ཞིབ་ནན་མོ་བྱ་དགོས་པ་དང་། ཞི་ཅིན་ཕིང་གིས་གཏན་འབེབས་བྱས་པ་ལྟར་ན། ཉམས་ཞིབ་ཁང་དེ་དག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་ནུས་པར་བརྩི་བཀུར་མཐའ་གཅིག་ཏུ་བྱེད་དགོས་པས། རྒྱ་ནག་དམར་ཤོག་ཚོགས་པས་ཉམས་ཞིབ་ཁང་དེ་དག་བརྒྱུད་ནས་རྒྱ་ནག་སྐོར་གྱི་རྒྱུ་ཆར་སྟངས་འཛིན་གྱིས་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་སྐོར་གྱི་དཔྱད་བརྗོད་སྤེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཐུབ་ཐབས་བྱེད་བཞིན་པ་རེད་ཅེས་བརྗོད་འདུག།

Rhodium Groupཞེས་པའམ་རུང་ཊིང་ཚོགས་པའི་དཔལ་འབྱོར་ཉམས་ཞིབ་པ་མཱར་ཁི་ཝི་ཟི་ཁེ་Mark Witzke ལགས་ཀྱིས། ཁོ་པས་ཐད་ཀར་རྒྱ་ནག་གི་རིག་མཛོད་དེ་བེད་སྤྱོད་བཏང་མྱོང་མེད་ཀྱང་། ད་ལྟ་རྒྱ་ནག་སྐོར་གྱི་གཞི་གྲངས་ཁུངས་ལྡན་རྙེད་རྒྱུ་ཇེ་དཀའ་ནས་ཇེ་དཀའ་ཆགས་བཞིན་པ་དང་། གཞི་གྲངས་དང་རྒྱུ་ཆ་ཁུངས་ལྡན་མེད་པ་ཡིན་ན། རྒྱ་ནག་ནང་གི་གནས་སྟངས་ངོ་མ་དེ་ཤེས་རྟོགས་ཡོང་ཁག་པོ་རེད་ཅེས་བརྗོད་འདུག། ཨ་རིའི་ནང་གནས་བཞུགས་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་གྲགས་ཅན་ལིང་ཕེ་རའེ་ལགས་ཀྱིས། དོན་དམ་ལ་དེ་ནི་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་གཞིགས་བྱེད་སྟངས་ཤིག་མཚོན་གྱི་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་ཚབ་པ་ཚོས་ནམ་རྒྱུན་ཨ་རི་ལ་གྲང་དམག་གི་ལྟ་ཕྱོགས་འཛིན་བཞིན་འདུག་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། དེང་སྐབས་ཆ་འཕྲིན་གྱི་དུས་རབས་དེར། གཞུང་གི་སྙན་ཐོ་དང་རིག་གཞུང་དཔྱད་རྩོམ་སོགས་མཉམ་སྤྱོད་མི་བྱེད་པར་སྒོ་བརྒྱབ་པ་དེ་ནི་གྲང་དམག་གི་བསམ་བློ་ངོ་མ་དེ་རེད་ཅེས་འགྲེལ་བརྗོད་བྱས་འདུག།

རྒྱ་ནག་གཞུང་གིས་གཞི་གྲངས་ཕོན་ཆེན་པོའི་སྐོར་ལ་དོ་སྣང་བྱེད་ཤུཊ་ཆེ་རུ་གཏོང་བཞིན་པ།

ཉི་ཧོང་གི་དཔལ་འབྱོར་དུས་དེབ་Nikkei Asia ཞེས་པས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལན་ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཚོ་ལ་རྒྱ་ནག་གི་རིག་མཛོད་དེ་སྒོ་བརྒྱབ་རྒྱུ་ཡིན་ཞེས་པའི་བརྡ་དེ་ནི་རྒྱ་ནག་གི་གཞི་གྲངས་ཕྱིར་གཏོང་སྐོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གསར་པ་དེ་དང་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་གཞན་ལ་ཁུངས་བཅོལ་ནས་སྤེལ་བ་འདུག་པ་དང་། ན་ནིང་ལོའི་སྤྱི་ཟླ་༦ པར་རྒྱ་ནག་གི་རིག་མཛོད་དེ་ལ་རྒྱ་ནག་དྲ་རྒྱའི་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ཡོད་པ་དང་། གཞི་གྲངས་ཕྱིར་གཏོང་སྐོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་དེ་༢༠༢༢ ལོའི་སྤྱི་ཟླ་༧ པའི་ནང་གསལ་བསྒྲགས་བྱས་ཏེ། ལོ་དེའི་སྤྱི་ཟླ་༩ པའི་ཚེས་༡ ཉིན་ནས་དངོས་སུ་ལག་ལེན་བསྟར་ཡོད་ཅིང་། ཁྲིམས་སྲོལ་དེ་ལས། གལ་སྲིད་ཕྱིའི་རྒྱལ་ཁབ་ཁག་ལ་གཞི་གྲངས་གལ་ཆེན་མཁོ་སྤྲོད་བྱ་དགོས་ཚེ་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱ་དགོས་ཞིང་། གཞི་གྲངས་ཀྱི་བདེ་འཇགས་སྐོར་ནས་ཞིབ་བཤེར་བྱ་དགོས་པ་གཏན་འབེབས་བྱས་འདུག།

ཨོ་གླིང་གི་སི་ཊི་ནི་འཕྲུལ་རིག་སློབ་ཆེན་གྱི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཧྥེང་ཁྲུང་དབྱི་
ཨོ་གླིང་གི་སི་ཊི་ནི་འཕྲུལ་རིག་སློབ་ཆེན་གྱི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཧྥེང་ཁྲུང་དབྱི་

ཨོ་གླིང་གི་སི་ཊི་ནི་འཕྲུལ་རིག་སློབ་ཆེན་གྱི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཧྥེང་ཁྲུང་དབྱི་ཡིས་བརྗོད་དོན་ལ། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་ཚོར་བ་སྐྱེན་པོ་ཡིན་པའི་ཆ་འཕྲིན་རིགས་དེ་དག་ཕྱིར་གཏོང་ཐད་ནས་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་པ་དང་། རིག་གཞུང་ཉམས་ཞིབ་ཀྱི་རིག་མཛོད་དེ་ལ་བཀག་སྡོམ་བྱས་ཡོད་པ་ནང་བཞིན། འབྱུང་འགྱུར་ཝེན་ཧྥང་གཞི་གྲངས་སོགས་རིག་མཛོད་གཞན་ཚོ་ལ་ཡང་དེ་མཚུངས་ཀྱི་སྒྲིག་གཞི་ལག་ལེན་བསྟར་རྒྱུ་རེད་ཅེས་དང་། དོན་དམ་ལ་རྒྱ་ནག་གིས་གཞི་གྲངས་ལ་དམ་དྲག་བྱེད་པ་དེ་ནི་༢༠༡༧ ལོར་གཞི་གྲངས་བདེ་འཇགས་སྐོར་གྱི་ཁྲིམས་དང་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཁྲིམས་ལུགས་གཏན་འབེབས་བྱས་པ་ནས་བཟུང་འགོ་ཚུགས་ཡོད་པ་རེད་ཅེས་བརྗོད་འདུག།

རིག་གཞུང་ཉམས་ཞིབ་ཀྱི་སྡེ་ལ་ཤུགས་རྐྱེན་ག་འདྲ་ཐེབས་རྒྱུ་ཡིན་ནམ།

མཇུག་སྒྲིལ་མ་ཐག་པའི་རྒྱ་ནག་གི་ཚོགས་ཆེན་གཉིས་ཞེས་པའི་ཐོག། རྒྱ་ནག་གིས་རྒྱལ་ཁབ་ཀྱི་གཞི་གྲངས་ལས་ཁུངས་ཤིག་གསར་འཛུགས་ཀྱིས་རྒྱ་ནག་དང་འབྲེལ་བ་ཡོད་པའི་གཞི་གྲངས་གཞི་རྒྱ་ཆེ་བ་སྤྱི་ཡོངས་ལ་གཅིག་སྡུད་ཀྱི་ཐོག་ནས་ལྟ་སྐུལ་བྱ་རྒྱུ་ཡིན་པ་བརྗོད་འདུག། ཝོ་སི་ཀྲི་ཊི་ཉིན་རེའི་ཚགས་ཤོག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལས་ཁུངས་གསར་པ་དེས་རྒྱལ་མཚམས་ལས་བརྒལ་བའི་བཟོ་ཚོང་ཁང་ཚོས་གཞི་གྲངས་ཕྱིར་གཏོང་བྱེད་ཆོག་མིན་དང་། དེ་བཞིན་ཁེ་ལས་ཁག་གི་གཞི་གྲངས་བསྡུ་རུབ་དང་མཉམ་སྤྱོད་ཐད་ནས་སྒྲིག་སྲོལ་གསར་པ་གཏན་འབེབས་དང་ལག་ལེན་བསྟར་ཕྱོགས་ལ་འགན་ཁུར་བྱ་རྒྱུ་རེད་འདུག།

ཞིས་ཅིན་ཕིང་དམར་ཤོག་ཚོགས་པའི་གཙོ་འཛིན་ཆགས་པ་ནས་བཟུང་སྟེ། ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་མཁན་གྱི་རིག་གཞུང་ཉམས་ཞིབ་པ་ཚོས་རྒྱ་ནག་དང་འབྲེལ་བའི་ཆ་འཕྲིན་རྙེད་པའི་ལམ་ཁ་ཇེ་ཉུང་དུ་ཕྱིན་ཡོད་ཅིང་། གོང་འཁོད་ཉི་ཧོང་གི་Nikkei Asia ཞེས་པའི་དུས་དེབ་ཀྱིས་གནས་ཚུལ་སྤེལ་གསལ་ལ། ད་ལྟ་ཚོང་དོན་དང་འབྲེལ་བའི་རིག་མཛོད་ཚོས་VPN ཞེས་པ་བེད་སྤྱོད་བཏང་ན་གཞི་ནས་རྒྱ་ནག་གི་རིག་མཛོད་དེ་སྒོ་ཕྱེ་ཐུབ་ཀྱི་ཡོད་པ་དང་། རྒྱ་ནག་སྐོར་ལ་ཉམས་ཞིབ་བྱེད་མཁན་ནུབ་ཕྱོགས་པ་ཚོས་ཧོང་ཀོང་ནང་གསར་འཛུགས་བྱས་པའི་རྒྱ་ནག་གི་ཞིབ་འཇུག་དང་ཞབས་ཞུ་ལྟེ་གནས་ཁང་དེ་༢༠༢༡ ལོའི་སྤྱི་ཟླ་དང་པོའི་ནང་ཧོང་ཀོང་རྒྱ་ཡིག་སློབ་ཆེན་ནང་ཟླ་སྒྲིལ་བཏང་ཡོད་སྟབས། ད་ལྟ་མི་མང་པོ་ཞིག་གིས་ཞིབ་འཇུག་ལྟེ་གནས་ཁང་དེའི་གཞི་གྲངས་ཆ་ཚང་བ་ཡོད་མེད་ཐད་བློ་འཚབ་སྐྱེ་བཞིན་པ་རེད།

Rhodium Groupཞེས་པའམ་རུང་ཊིང་ཚོགས་པའི་དཔལ་འབྱོར་ཉམས་ཞིབ་པ་མཱར་ཁི་ཝི་ཟི་ཁེ་Mark Witzke ལགས་ཀྱིས། རྒྱ་ནག་གི་བྱེད་སྟངས་དེས། རྒྱ་ནག་དང་ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཚོས་ཕན་ཚུན་རིག་གཞུང་བརྗེ་རེས་ཐད་ནས་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་དང་། རིག་མཛོད་དེས་རྒྱ་ནག་གི་གནད་དོན་གཅིག་པུ་ལ་དོ་སྣང་བྱེད་ཆེད་དུ་དགོས་མཁོ་ཡོད་པ་ཁ་ན་ཙམ་ཞིག་མ་རེད། དེ་ནི་རྒྱ་ནག་གི་ཉམས་ཞིབ་པ་ཚོའི་རིག་གཞུང་དཔྱད་རྩོམ་དང་རྩོམ་ཡིག་གཞན་ཚོའི་རྒྱུ་ཆའི་བང་མཛོད་ཅིག་ཆགས་ཡོད། གལ་སྲིད་ཕྱི་རྒྱལ་ཁག་གི་ཉམས་ཞིབ་པ་ཚོས་རིག་མཛོད་དེ་བེད་སྤྱོད་གཏང་མི་ཐུབ་ཚེ། ཁྱབ་ཁོངས་གཞན་ཚོར་ཡང་དེ་མཚུངས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད་ཅེས་བརྗོད་འདུག། ཡང་སི་ཊི་ནི་འཕྲུལ་རིག་སློབ་ཆེན་གྱི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཧྥེང་ཁྲུང་དབྱི་ཡིས། རྒྱ་ནག་གི་བཀག་སྡོམ་བྱས་པའི་གནས་སྟངས་འོག། ད་ལྟའི་ཆར་ཕྱི་རྒྱལ་གྱི་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་དང་འབྲེལ་བའི་རྒྱུ་ཆ་རྙེད་ཐབས་ཀྱི་ཐབས་ལམ་གཞན་པ་འཚོལ་བཞིན་པ་རེད་ཅེས་བརྗོད་འདུག།

XS
SM
MD
LG