ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་སྤྱང་དམག་ཕྱི་འབྲེལ་མགྲིན་ཚབ་པ་ཀྲའོ་ལི་ཅན་འཕོ་འགྱུར། 


༄༅།། འདས་པའི་ལོ་བཅུ་ཕྲག་གཅིག་ལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གཙོས་ཕྱི་འབྲེལ་མི་སྣ་ཁག་ཅིག་གིས་ཚིག་རྩུབ་སྨྲས་ཏེ་ངར་སྐད་བསྒྲགས། ཁོ་ཚོས་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་བཏང་ཞིང་། ལྷག་པར་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་དང་ཐེ་ཝན་གྱི་གནད་དོན་ཐོག་ཏུ་གང་ཅིའི་འབྲེལ་བ་སྡུག་ཏུ་སོང་། དེར་བརྟེན་པེ་ཅིང་གི་ཕྱི་འབྲེལ་མི་སྣ་དེ་ཚོར་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་སྤྱང་དམག་ཕྱི་འབྲེལ་མགྲིན་ཚབ་པ་ཞེས་འབོད་དགོས་པ་ཞིག་ཏུ་གྱུར། ཕྱི་ཟླ་དང་པོའི་ཚེས་༡༡་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་འཕོ་འགྱུར་བཏང་སྟེ་དམའ་རིམ་གྱི་ལས་གནས་ཤིག་སྤྲད། རྒྱ་ནག་གཞུང་གིས་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་འཕོ་འགྱུར་བ་ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་བ་བཏང་བ་ཞིག་མིན་རུང་ཚིག་རྩུབ་སྨྲ་བའི་ཕྱི་འབྲེལ་མི་སྣ་ཚོ་གཡུང་ལ་འབེབས་རྒྱུའི་བརྡ་ཞིག་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་བའི་ལོ་ཤས་རིང་རྒྱ་ནག་མི་དམངས་ཀྱིས་ཀྱང་སྤྱང་དམག་ཕྱི་འབྲེལ་མི་སྣ་ཞེས་པའི་ཐ་སྙད་དེར་སྤོབས་པ་བསྐྱེད། ད་ལྟ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་གཙོ་བོ་ཞིག་འཕོ་འགྱུར་བཏང་བ་དང་དབྱིན་ཇིའི་མན་ཆེ་སི་ཊིར་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་སྐུ་ཚབ་དོན་གཅོད་ཁང་གི་ལས་སྣེ་ཁག་ཅིག་ཕྱིར་འཐེན་བྱས་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་མ་མཐའ་ཡང་རང་གི་ཕྱི་འབྲེལ་མི་སྣ་ཚོའི་རྗོད་ཚིག་རྣམས་འཇམ་དུ་གཏོང་རྒྱུའི་རྣམ་པ་ཞིག་ཐོན། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གཞུང་ནས་རང་གི་ཕྱི་འབྲེལ་མི་སྣ་ཚོར་འཕོ་འགྱུར་གཏོང་གི་ཡོད་པ་ནི་༢༠༢༣་གྱི་བཞི་ཚན་དང་པོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་དང་ཨ་རིའི་གྲོས་ཚོགས་སུ་ཐེ་ཝན་གྱི་སྲིད་ཇུས་ཁྲིམས་ཡིག་གཏན་འབེབས་བྱ་དགོས་པའི་གླེང་སློང་། ༢༠༢༤་ལོར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་བཅས་ལ་འབྲེལ་བ་ཡོད་པའི་ལྟ་ཚུལ་བཟུང་། དཔྱད་ཞིབ་པ་ཁག་ཅིག་གིས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ཀྲའོ་ལི་ཅན་ཕྱི་སྲིད་ལྷན་ཁང་གི་ཁྱབ་ཁོངས་ཀྱི་རྒྱལ་མཚམས་དང་མཚོ་ཁོངས་སྡེ་ཚན་གྱི་འགན་འཛིན་གཞོན་པར་བསྐོ་བཞག་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་པ་ནི་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ཅུང་ཙམ་འཇམ་དུ་གཏོང་རྒྱུའི་རྟགས་མཚན་རེད་ཅེས་གོ་བ་བླངས། ཉམས་ཞིབ་པ་ཁག་ཅིག་གིས་ན་ནིང་ཕྱི་ཟླ་༦་པ་ནང་ཡུ་རོབ་མཉམ་འབྲེལ་དུ་བཅའ་སྡོད་རྒྱ་ནག་གི་དམགས་བསིལ་སྐུ་ཚབ་ཝུ་ཧོང་པོས་ཡུ་རོབ་རྒྱལ་ཁབ་ཁག་གི་ཚོང་ལས་འགོ་ཁྲིད་ཚོར་ང་ཚོའི་སྤྱང་དམག་ཕྱི་འབྲེལ་མི་སྣ་ཚོས་ཏོག་དབྱིབས་ནད་ཡམས་ལ་འབྲེལ་བ་ཡོད་པའི་སྲིད་ཇུས་ཁག་འཐུས་ཤོར་བཏང་སྟེ་ནོར་འཁྲུལ་བྱུང་འདུག་ཅེས་ངོས་ལེན་ཞུས་པའི་གནས་ཚུལ་ཐོན།།

ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༢་ནས་ཀྲའོ་ལི་ཅན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་མཐོང་ཐོས་མ་བྱུང་། མི་ཁག་ཅིག་གིས་ཀྲའོ་ལི་ཅན་ལ་ཏོག་དབྱིབས་ནད་དུག་འགོས་པ་རེད་ཟེར། ཉམས་ཞིབ་པ་ཁག་ཅིག་གིས་ཀྲའོ་ལི་ཅན་གྱིས་བསྐོངས་པའི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་མཐའ་མ་དེ་ཁྱད་མཚར་ཞིག་ཏུ་གྱུར་སོང་ཞེས་མཆན་བྲིས། མི་འགའ་ཞིག་གིས་ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་ཀྲའོ་ལི་ཅན་ལ་རྒྱ་ནག་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་ལ་ངོ་རྒོལ་བྱས་པར་ལྟ་ཚུལ་ཅི་ཡོད་ཅེས་དྲིས། ཀྲའོ་ལི་ཅན་གྱིས་སྐར་ཆ་༣༠་ཐམ་པར་ལན་མ་བཏབ་པར་ཁ་རོག་ཏུ་བསྡད། ཁོ་པས་གསར་འགོད་པར་དྲི་བ་དེ་བསྐྱར་ཟློས་བྱོས་ཟེར་བ་དང་དེ་ནས་སླར་ཡང་སྐར་ཆ་༢༠་ཐམ་པར་ལན་འདེབས་མ་བྱས་པར་བསྡད། རྒྱ་ནག་གཞུང་གིས་ལོ་༥༠་ཐམ་པར་སོན་པའི་ཀྲའོ་ལི་ཅན་གྱི་གོ་གནས་མར་ཕབ་པ་ཞིག་མིན་རུང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་འབྲེལ་བ་བྱ་དགོས་པའི་གོ་སྐབས་ཉུང་བའི་ལས་གནས་ཤིག་སྤྲད། དཔྱད་ཞིབ་པ་ཚོས་ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཀྱིས་མངའ་ཁུལ་དེའི་ཚོང་ལས་མཐུན་ཚོགས་ཁག་གི་འགོ་ཁྲིད་ཚོར་ནང་མོལ་བྱས་ནས་ཧོང་ཀོང་གི་ཚོང་ལས་སླར་གསོ་ཇི་ལྟར་བྱེད་དགོས་པའི་བསམ་ཚུལ་དྲིས། དེ་ནི་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་དགྲར་འཛིན་གྱི་སྲིད་ཇུས་ཤིག་བཟུང་ཡོད་པ་འཇམ་དུ་གཏོང་རྒྱུའི་རྟགས་སུ་བརྩི་ཆོག་ཅེས་གླེང་། ཨ་རིར་གནས་འཁོད་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དང་དམངས་གཙོ་དོན་གཉེར་བ་ཝང་ཇུན་ཐའོ་ཡིས་ན་ནིང་ཕྱི་ཟླ་༣་པ་ནས་ཕྱི་ཟླ་༥་པའི་བར་དུ་ཧྲང་ཧེ་གྲོང་ཁྱེར་ཧྲིལ་པོར་སྒོ་རྒྱ་བསྡམས་ཀྱང་ཀྲའོ་ལི་ཅན་གྱི་ཆུང་མ་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་ཕྱིན་པའི་འདྲ་པར་རྣམས་སྤྱི་ཚོགས་དྲྭ་ལམ་དུ་བཀྲམ་ནས་ངོམ་སོ་བརྒྱབ་པ་རེད། ཀྲའོ་ལི་ཅན་འཕོ་འགྱུར་བཏང་བ་ནི་ཆུང་མ་ཡུ་རོབ་ཏུ་བསྐྱོད་པར་འབྲེལ་བ་འདུག་ཅེས་བཀྲལ།།

ཁ་སྔོན་ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་ཨིན་རྡུ་ནེ་ཤི་ཡའི་བྷ་ལི་མཚོ་གླིང་དུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས་ཏེ་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གཉིས་ཐུག་འཕྲད་བྱུང་། སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་རྒྱལ་སྤྱིའི་དཔལ་འབྱོར་སྲ་བརྟན། དབུལ་ཕོངས་རྒྱལ་ཁབ་ཁག་བུ་ལོན་འོག་ནས་ཐར་ཐབས་དང་འཛམ་གླིང་ལ་ཟ་འབྲུ་འདུ་འགོད་སོགས་ལ་ཨ་རྒྱ་གཉིས་མཉམ་འབྲེལ་བྱ་དགོས་ཞེས་གྲོས་འགོ་བཏོན། ཞིས་ཅིན་ཕིང་གིས་སྲིད་འཛིན་བྷ་ཌན་ལ་ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་གིས་དམར་ཐིག་ཏུ་རྩི་ས་དེ་ཡིན། ཨ་མི་རི་ཀས་དམར་ཐིག་དེ་ནམ་ཡང་བརྒལ་མཆོང་བྱེད་མི་ཆོག་ཅེས་ལན་བཏབ། རྒྱ་ནག་གི་གསར་འགྱུར་ལས་ཁུངས་ཁག་གིས་བྷ་ཌན་དང་ཞིས་ཅིན་ཕིང་གི་ཐུག་འཕྲད་གྲོས་མོལ་དེ་གྲོགས་པོ་ནང་ཚགས་ཀྱི་གྲོས་མོལ་ལྟ་བུ་ཞིག་མིན་རུང་ཕན་ཚུན་ཁུ་ཚུར་འཕྱར་རེའི་རྒོལ་འཛིང་གི་ཐུག་འཕྲད་གྲོས་མོལ་ཞིག་ཀྱང་མ་རེད། ཨ་རྒྱ་གཉིས་མཉམ་འབྲེལ་བྱེད་པར་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་དེ་འགོ་འཛུགས་ཡག་པོ་ཞིག་བྱུང་སོང་ཞེས་གསར་འགྱུར་སྤེལ། ཕྱི་ཟླ་༡༢་པའི་ཚེས་༣༠་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་དབུས་རྒྱུན་ལས་ལྷན་ཁང་གིས་ཨ་རིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཆིན་ཀང་ཕྱི་སྲིད་བློན་ཆེན་གསར་པར་བསྐོ་བཞག་བྱས་པ་ཡིན་ཞེས་བསྒྲགས། ཕྱི་ཟླ་དང་པོའི་ཚེས་༡་ཉིན་ཝང་དབྱིའི་མཚན་གནས་རྒྱ་ནག་དབུས་གཞུང་ཕྱི་སྲིད་ལས་དོན་ཁང་གི་འགན་འཛིན་དུ་བསྐོས་པའི་གནས་ཚུལ་སྤེལ།།

ཕྱི་ཟླ་དང་པོའི་ཚེས་༤་ཉིན་ཆིང་ཀང་གིས་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ནང་དུ་སའི་གོ་ལ་འདིའི་མདུན་ལམ་ནི་རྒྱ་ནག་དང་ཨ་རིའི་འབྲེལ་བ་བརྟན་པོ་ཞིག་འབྱུང་མིན་ལ་ཐུག་ཡོད། འཛམ་གླིང་འདིར་ཨ་རི་དང་རྒྱ་ནག་གཉིས་ཀ་འཕེལ་རྒྱས་འགྲོ་ཐུབ་པའི་ཁོར་ཡུག་ཡངས་པོ་འདུག ང་ཚོ་རྒྱལ་ཁབ་གཉིས་ཀྱི་གྲུབ་འབྲས་ནི་ཐུན་མོང་གི་གོ་སྐབས་ཤིག་ཡིན་པ་དང་ཐོབ་མཁན་དེས་འབད་བརྩོན་བྱས་ནས་བྱུང་བ་ཞིག་མིན། ང་ཚོས་ཕྱོགས་ལྷུང་དང་ལོག་འཛིན་བཅས་ལ་རླབས་ཆེན་གྱི་ཨ་རྒྱའི་མི་དམངས་གཉིས་ཀྱི་བར་དུ་འཁྲུག་རྩོད་སློང་དུ་འཇུག་མི་ཉན་ཞེས་རྩོམ་ཡིག་བྲིས། དེ་བཞིན་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་ཐེ་ཝན་གྱི་གནད་དོན་གླེང་བའི་སྐབས་སུ་ཞིས་ཅིན་ཕིང་གི་རྗོད་ཚིག་ཀྱང་ཧ་ཅང་འཇམ། དཔེར་ན་ཞིས་ཅིན་ཕིང་གིས་མེས་རྒྱལ་གོང་བུ་གཅིག་གྱུར་བྱ་རྒྱུ་ནི་མཚོ་འགག་ཕྱོགས་གཉིས་ཀྱི་རྒྱ་ནག་མི་དམངས་ཀྱི་མངོན་འདོད་ཡིན། ངས་ལྷག་བསམ་རྣམ་དག་གིས་རྒྱ་ནག་གི་བུ་དང་བུ་མོ་ཚོས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ང་ཚོའི་རྒྱལ་ཁབ་འདིར་མདུན་ལམ་འོད་སྟོང་ལྡན་པ་ཞིག་བསྐྲུན་ཐུབ་པའི་རེ་ལྟོས་འཆང་གི་ཡོད་ཅེས་བཤད། རྒྱ་ནག་མཉམ་འབྲེལ་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་གོ་ཁྲུང་རུང་གིས་སྔོན་ཆད་ཕྱི་ཟླ་༣་པའི་ནང་དུ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་པའི་རྗེས་སུ་ལས་སྣེ་ཁག་འཕོ་འགྱུར་བཏང་བ་གསལ་བསྒྲགས་བྱེད་ཀྱི་རེད། ཆིང་ཀང་གོ་གནས་སྤར་བ་ནི་ཕྱི་ཟླ་དང་པོ་དང་གཉིས་པ་གང་རུང་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པར་དམིགས་པ་ཡིན་སྲིད། ཨ་རིའི་གྲོས་ཚོགས་འོག་མར་སྤྱི་མཐུན་ཚོགས་པས་དབང་བསྒྱུར་མ་བྱས་གོང་དང་༢༠༢༤་ལོར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་མ་བྱས་གོང་དུ་རྒྱ་ནག་གིས་ཕྱི་འབྲེལ་མི་སྣ་ཡག་པོ་ཁག་ཅིག་བསྐོ་བཞག་བྱ་རྒྱུ་གནད་འགག་ཆེ་ཞེས་བསྟན།།

རྒྱ་ནག་གི་ཆབ་སྲིད་དཔྱད་བརྗོད་པ་ལིན་པའོ་ཧྭས་ཉེ་ཆར་ཐེ་ཝན་གྱི་དྲྭ་ལམ་གསར་འགྱུར་ལས་ཁུངས་ལ་ཞིས་ཅིན་ཕིང་གི་ཕྱི་ལོ་གསར་པའི་གཏམ་བཤད་ཀྱི་རྗོད་ཚིག་འཇམ་དུ་བཏང་བ་ནི་ཨ་མི་རི་ཀར་འཁྲུག་རྩོད་མི་སློང་བ་དང་ལོ་རྗེས་མར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པར་དམིགས་ཡོད་པ་རེད་ཅེས་སྨྲས། ཐེ་ཝན་གྱི་སྲིད་དོན་པ་དང་གོ་མིན་ཏང་གི་འཐུས་མི་ཨ་ལིཀ་སི་ཚེ་ཡིས་ཆིང་ཀང་དང་ཝང་དབྱི་གཉིས་ཀྱིས་ཨ་རྒྱའི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་ཡར་རྒྱས་གཏོང་བའི་ཐབས་ཇུས་ཤིག་བསྟེན་ངེས་རེད། ཡིན་ནའང་ཕུགས་སུ་ཨ་རྒྱའི་འབྲེལ་བ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ནི་ཨ་རིའི་གྲོས་ཚོགས་ནས་ཐེ་ཝན་གྱི་སྲིད་ཇུས་ཁྲིམས་ཡིག་གཏན་འབེབས་བྱ་རྒྱུ་ཡིན་མིན་ལ་ཐུག་ཡོད་པ་རེད་ཅེས་གཏམ་བཤད་བྱས་འདུག ཕྱི་ཟླ་དང་པོའི་ཚེས་༡༡་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་ཀྲའོ་ལི་ཅན་གྱིས་ལོ་ཤས་གོང་དུ་ཨོ་གླིང་གི་དམག་མི་ཚོས་ཨབ་གྷ་ཎི་སི་ཐན་གྱི་མི་མང་བསད་ནས་དམག་འཁྲུག་གི་ནག་ཉེས་བསགས་པ་རེད་ཅེས་འདྲ་པར་བཀྲམ། ཉི་ཧོང་གིས་རྡུལ་ཕྲན་དུག་ཆུ་ཞི་བདེ་རྒྱ་མཚོའི་ནང་དུ་གློད་ནས་འཛམ་གླིང་ཡོངས་ལ་ཉེན་ཁ་འཕྲད་དུ་བཅུག་པ་རེད་ཅེས་ནག་ཉེས་བཙུགས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ཏུ་བཅུག་པ་རེད་ཅེས་སྐྱོན་བརྗོད་བྱས་པར་དགག་པ་བརྒྱབ། ཀྲའོ་ལི་ཅན་གྱིས་ཁུངས་ལུང་མེད་པའི་གཏམ་བཤད་བྱས་པ་དང་འདྲ་པར་སོགས་དྲྭ་ལམ་དུ་བཀྲམ་ནས་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་བཏང་བ་རེད་ཅེས་གནས་ཚུལ་སྤེལ། གཟའ་འཁོར་འདིར་ཀྲའོ་ལི་ཅན་འཕོ་འགྱུར་བཏང་བའི་རྗེས་སུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་དྲིལ་བསྒྲགས་སྡེ་ཚན་དུ་ཧྭ་ཁྲུན་དབྱིང་དང་ཝང་ཝེན་པིན། མའོ་ཉིང་དང་ཧུ་ཅན། ཅང་ཞའོ་ཡན་བཅས་ཡོད་ཅིང་། སི་ཁྲོན་སློབ་གྲྭ་ཆེན་མོའི་སློབ་དཔོན་པང་ཀྲུང་དབྱིང་གིས་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོར་འཕོ་འགྱུར་བཏང་ནས་རྒྱ་ནག་གི་ཕྱི་སྲིད་ལ་འགྱུར་བ་ཕྱིན་པ་ཞིག་མིན་རུང་མགྲིན་ཚབ་ཚོས་སྐད་ཆ་བཤད་སྟངས་འཇམ་གཏོང་དུ་ས་རེད་ཅེས་དཔྱད་བརྗོད་སྤེལ་འདུག

XS
SM
MD
LG