ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

པེ་ཅིང་ལ་ནད་དུག་ཁྱབ་སྟེ་མིའི་ཕུང་པོ་བསྲེགས་མི་ཚར་བའི་དཀའ་ངལ། 


༄༅།། རྒྱ་ནག་ལ་ཨོ་མཱི་ཀོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གི་ནད་རླབས་གསར་པ་ཞིག་འཕྱུར། པེ་ཅིང་དུ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་འདས་པོ་ཚོའི་ཕུང་པོ་འཁྱེར་བའི་རླངས་འཁོར་རྣམས་པུར་བཞུས་ཁང་དུ་བསྐྱོད་པར་ལམ་ཐོག་ཏུ་ཡུན་རིང་བང་བསྒྲིགས་ནས་སྒུག་དགོས་འབྱུང་གི་ཡོད་ཅིང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་མི་འབོར་ས་ཡ་༢༢་ཡོད་པ་དང་པུར་བཞུས་ཁང་བཅུ་ཕྲག་འགའ་ཞིག་ཡོད་པའི་གནས་ཚུལ་ཐོན། གཟའ་མཇུག་དེར་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་གཉིས་ཀྱི་གོང་ནས་པེ་ཅིང་གི་པུར་ཁང་དེ་དག་གི་ལས་མི་ཕལ་མོ་ཆེར་ཏོག་དབྱིབས་ནད་དུག་འགོས་ནས་ནད་དགོངས་ཞུས་པ་དང་གཤིན་པོའི་ཕུང་པོ་བསྲེག་དགོས་པ་ཇེ་མང་དུ་ཕྱིན་ཏེ་ལས་བྲེལ་ཆེན་པོ་ཚུགས། པེ་ཅིང་ལ་ངོ་བོ་འགྱུར་སླ་བ་དང་མི་ལ་ཧ་ཅང་འགོ་སླ་བའི་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཟས་རིགས་སྐྱེལ་འདྲེན་དང་བསྐུར་མ་སྐྱེལ་འདྲེན་གྱི་ལས་རིགས་ཁག་འགགས། པུར་འཁོར་རྣམས་བང་སྒྲིག་ཡོད་པའི་གྲས་སུ་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་དང་དོས་སྐྱེལ་རླངས་འཁོར་ཆུང་བ་ཁག་གི་ནང་དུའང་པུར་ཐུམ་གཡོགས་པའི་ཕུང་པོ་ཡོད་ཀྱང་དུས་ཡུན་གང་འཚམ་རྗེས་སུ་རླངས་འཁོར་དེ་དག་གི་ནང་གི་ཕུང་པོ་རྣམས་པུར་འཁོར་ནང་དུ་ཁྱེར། པེ་ཅིང་གི་པུར་བཞུས་ཁང་དེ་དག་གི་དུད་ཁུང་ནང་ནས་དུ་བ་རྒྱུན་ཆད་མེད་པར་ཕྱི་ལ་ཐོན། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པས་པུར་བཞུས་ཁང་ཞིག་གི་འཁྲིས་སུ་ཡོད་པའི་པུར་ཁང་དེའི་ནང་དུ་པུར་ཐུམ་སེར་པོ་གཡོགས་པའི་ཕུང་པོ་༢༠་ཡས་མས་ཤིག་ཡོད་པ་དངོས་སུ་མཐོང་། ཡིན་ནའང་གསར་འགོད་པས་འདས་པོ་དེ་དག་ཏོག་དབྱིབས་ནད་དུག་གིས་གྲོངས་པ་ཡིན་མིན་ངེས་གཏན་མ་ཐུབ། པུར་བཞུས་ཁང་དེ་དག་གི་རླངས་འཁོར་འཇོག་ཡུལ་གྱི་སྲུང་སྐྱོབ་པ་དང་པུར་ཐལ་སྣོད་བུམ་ཚོང་ཁང་གི་ལས་སྣེ་ཚོས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་ཕྱི་ཟླ་༡༢་པའི་ཚེས་༧་ནས་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྒྲིག་ཁྲིམས་ལྷུག་ཡངས་བཏང་བའི་རྗེས་སུ་མི་ཤི་བའི་གྲངས་འབོར་ཇེ་མང་དུ་ཕྱིན་སོང་ཞེས་ནང་མོལ་བྱས་འདུག

ཕྱི་ཟླ་༡༢་པའི་ཚེས་༡༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མི་༢་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། ད་དུང་ཡང་རྒྱ་ནག་གཞུང་གིས་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་ནས་མི་༥༢༣༧་ལས་ཤི་མེད་ཟེར། སྨན་པ་མཁས་པ་ཚོས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར། རྒྱ་ནག་གི་རྒན་རྒོན་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ཐུབ་མེད་པ་དང་ཕྱི་ཟླ་༡༡་པའི་ནང་གློ་བུར་དུ་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་ཉུང་མཐའ་ཡང་མི་ས་ཡ་༡་དང་ཕྱེད་ཀ་ཡས་མས་ཤིག་ལ་འཆི་སྐྱོན་འཕོག་རྒྱུའི་ཉེན་ཁ་འདུག་ཅེས་བསྟན། པེ་ཅིང་གི་མཱི་ཡུན་པུར་ཁང་གི་ལས་བྱེད་པ་ཞིག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་ཁ་པར་བརྒྱུད་ནས་ང་ཚོའི་པུར་བཞུས་ཁང་དུ་ཕུང་པོ་བསྲེག་དགོས་ཀྱི་འདུག་ཅེས་ཐོ་འགོད་བྱེད་མཁན་ཇེ་མང་རེད། ང་ཚོའི་ལས་བྱེད་པ་མང་ཆེ་བར་ཏོག་དབྱིབས་ནད་དུག་འགོས་ནས་ལས་མི་དང་རླངས་འཁོར་ཉུང་དྲགས་ཏེ་འདང་གི་མི་འདུག་ཅེས་བཤད། པེ་ཅིང་གི་ཧུ་ཨེ་རུ་པུར་བཞུས་ཁང་དུ་ཕུང་པོ་ཞིག་བསྲེག་པར་ཉི་མ་༣་སྒུག་དགོས་ཤིང་། འདས་པོ་དེ་དག་གི་ཤུལ་ལུས་བཟའ་མི་ཚོས་ཕུང་པོ་འཁྱེར་ཡོང་ཐུབ་ན་ཁྱེར་ཤོག་ཟེར་གྱི་ཡོད། པུར་བཞུས་ཁང་ལ་ལས་བྲེལ་ཆེ་དྲགས་ཏེ་ཕུང་པོ་ཚང་མ་ལེན་དུ་འགྲོ་ཐུབ་ཀྱི་མི་འདུག་ཅེས་གསར་འགོད་པར་ལྐོག་ཏུ་གནས་ཚུལ་མཁོ་སྤྲོད་བྱས་འདུག རྒྱ་ནག་གི་དྲྭ་དམངས་ཚོས་གཞུང་གིས་ཕྱིར་བསྒྲགས་བྱས་པའི་ནད་པའི་གྲངས་འབོར་དང་འཆི་སྐྱོན་བྱུང་བའི་མིའི་གྲངས་ཐོ་རྣམས་དངོས་བདེན་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད། སྲིད་གཞུང་གིས་ཁུངས་ལུང་མེད་པའི་གཞི་གྲངས་ཤིག་སྤེལ་དོན་ཅི་རེད། སྤྱི་དམངས་ལ་མགོ་སྐོར་གཏོང་གི་ཡོད་པ་རེད་དམ་ཞེས་དྲིས་ནས་མཆན་བཀོད།།

དེང་སྐབས་རྒྱ་ནག་གཞུང་གིས་ཚ་བ་ཆེན་པོ་འཕར་མེད་པའི་ནད་པ་རྣམས་རང་ཁྱིམ་དུ་སྡོད། སྨན་ཁང་ཁག་ཏུ་ནད་པ་ཛ་དྲག་ཅན་ཚོར་སྨན་བཅོས་བྱ་དགོས་ཀྱི་འདུག རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ནད་རླབས་ཤིག་འཕྱུར་གྱི་ཡོད་པའི་བརྡ་སྦྱོར་བཀྲམ། གཟའ་སྤེན་པའི་ཉིན་རྒྱ་ནག་གི་ནད་ཡམས་བརྟག་དཔྱད་རིག་པ་མཁས་པ་ཝུ་ཙུན་ཡུག་གིས་རྒྱ་ནག་གཞུང་གིས་ལོ་གསུམ་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྲིད་ཇུས་དམ་པོ་ཞིག་ལག་ལེན་བསྟར་མེད་ཚེ། ༢༠༢༢་ལོའི་ཕྱི་ཟླ་དང་པོའི་ཚེས་༣་བར་དུ་རྒྱ་ནག་མི་མང་༢༥༠༠༠༠་ལྷག་ཏོག་དབྱིབས་ནད་དུག་གིས་ཤི་ཡོད་ཤས་ཆེ། ༢༠༢༠་ལོར་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་བརྒྱ་ཆ་༡༦.༤་ཡོད་ཀྱང་སྔ་ལོ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་བརྒྱ་ཆ་༣.༣༢་ལ་མར་ཆག་པ་རེད་ཅེས་རྒྱ་གཞུང་གི་ནད་འགོག་སྲིད་ཇུས་ལ་བསྔགས་བརྗོད་ཞུས། འདས་པའི་ཉིན་༡༠་ལ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཅི་ཙམ་ཤི་ཡོད་མེད་གཞུང་འབྲེལ་གྱི་གཞི་གྲངས་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་པས་སྤྱི་ཚོགས་དྲྭ་ལམ་དུ་སྨན་ཁང་ཁག་དང་རྒན་གསོ་ཁང་དེ་དག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་ནས་མི་ཅི་ཙམ་ཤི་ཡོད་མེད་དང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚབས་ཅི་ཙམ་ཡོད་མེད་ཐད་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་། རྒྱ་ནག་གི་དྲྭ་དམངས་ཤིག་གིས་སྨན་ཁང་སོགས་ཀྱི་གཞི་གྲངས་དེ་རྣམས་རྙེད་རྒྱུ་མེད་པ་ཅི་རེད། ཁོ་ཚོས་མི་ཤི་བ་དང་ནད་མནར་བྱུང་བ་རྣམས་གྲངས་ཀའི་ནང་དུ་མ་བརྩིས་པ་རེད་དམ། ཡང་ན་གཞི་གྲངས་དེ་གསལ་བསྒྲགས་བྱེད་ཀྱི་མེད་པ་རེད་ཅེས་དྲིས།།

གཟའ་སྤེན་པ་ནས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གཞུང་གིས་སློབ་ཕྲུག་རྣམས་སློབ་གྲྭར་ཡོང་མི་དགོས་པར་དྲྭ་ལམ་དུ་སློབ་ཚན་འཁྲིད་ཆོག་ཅེས་བཀོད་ཁྱབ་བཏང་ཞིང་། ཧྲང་ཧེའི་ཌི་སི་ཎི་སྤྱི་གླིང་སྒོ་བརྒྱབ་མེད་ཀྱང་ལས་བྱེད་པ་ཚོར་ནད་དུག་འགོས་ནས་ལྟད་མོ་བ་ཉུང་དུ་གཏོང་དགོས་པར་གྱུར་ཡོད་པར་མ་ཟད། ཧྲང་ཧེའི་གྲོང་དཀྱིལ་དུ་བཙུགས་པའི་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་གློག་སྒྲོན་ལའང་ལྟད་མོ་བ་སྔར་བཞིན་མ་འདུས། ལྟད་མོར་བལྟ་ཡུལ་གྱི་འཛིན་བྱང་འཚོང་མཁན་ཞིག་གིས་མི་རྣམས་ནད་ཡམས་ལ་སྐྲག་སྟེ་རང་ཁྱིམ་ནས་ཕྱི་ལ་འབུད་ཐུབ་ཀྱི་མི་འདུག་ཅེས་བཀྲལ། དེ་བཞིན་ལོ་ན་༣༧་ལ་སོན་པའི་པེ་ཅིང་གི་སློབ་ཆེན་ཞིག་གི་སྤྱི་ཐབ་ཀྱི་ལས་བྱེད་པ་ལིའུ་ཞེས་པ་ཞིག་གིས་ང་ཚོའི་ལས་རོགས་བརྒྱ་ཆ་༦༠་ནས་༧༠་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། གཟའ་པ་སངས་ཉིན་རྒྱ་ནག་གི་ཚེ་ཞིན་དུས་དེབ་ལ་རྒྱ་གཞུང་གི་གསར་འགྱུར་ལས་ཁང་ཞིག་གི་གསར་འགོད་པ་གཉིས་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་འདུག གཟའ་སྤེན་པའི་ཉིན་ལོ་༢༣་ལ་སོན་པའི་སྨན་སློབ་ཅིག་ཀྱང་འདས་གྲོངས་སུ་གྱུར་འདུག་ཅེས་གསར་འགྱུར་སྤེལ། ཚེ་ཤིན་དུས་དེབ་ཏུ་ཐོན་པའི་གཤིན་པོ་རྣམས་ཀྱི་གྲངས་ཀ་དེ་གཞུང་གི་གཞི་གྲངས་ཁོངས་སུ་འདུས་ཡོད་མེད་ཤེས་རྟོགས་ཐུབ་དཀའ། ཨ་རིའི་ཕྱི་འབྲེལ་སློབ་སྟོན་ཁང་གི་ཉམས་ཞིབ་པ་དབྱང་ཀྲུང་ཧྭང་གིས་པེ་ཅིང་གི་དབང་འཛིན་པ་ཚོས་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་ཕྱིར་བསྒྲགས་བྱས་པ་ནི་ཆེས་ཤིན་ཏུ་ཉུང་ཉུང་ཞིག་དང་དེ་ནི་ཡིད་རྟོན་རུང་བ་ཞིག་ག་ལ་ཡིན། རྒྱ་ནག་གཞུང་གིས་གཞི་རིམ་མང་ཚོགས་ལ་ནད་དུག་འགོས་ནས་འཆི་ཡི་ཡོད་པ་དང་ནད་མནར་འབྱུང་གི་ཡོད་པའི་གྲངས་ཐོ་ཞིབ་ཚགས་ཤིག་བསྡུ་ཐུབ་ཀྱི་མི་འདུག་ཅེས་སྨྲས།།

རྒྱ་ནག་གཞུང་གིས་མི་དམངས་བརྒྱ་ཅ་༩༠་ལྷག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཟིན་ཡོད་ཟེར། འོན་ཀྱང་རྒྱ་ནག་གི་སྤྱི་དམངས་ན་སོན་པ་བརྒྱ་ཆ་༥༧.༩་དང་ལོ་༨༠་ཅན། ལོ་༨༠་ཡན་ཆད་དུ་སོན་པ་བརྒྱ་ཆ་༤༢.༣་ལ་མ་གཏགས་ཤུགས་སྐྱེད་སྨན་ཁབ་གསུམ་པ་རྒྱག་མ་ཐུབ། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་སྣེ་ཚོས་ཁྱིམ་ཚང་རེ་རེ་བཞིན་སྒོ་བརྡུངས་ནས་རྒན་རྒོན་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་གི་ཡོད་པའི་གནས་ཚུལ་སྤེལ། ལོ་༢༨་ལ་སོན་པའི་ཧྲེན་ཀྲེན་གྱི་མཐོ་རིམ་ལས་བྱེད་པ་བསྡུ་མཁན་ཆེད་ལས་པ་ཁེན་ཌི་སི་ཞེས་པ་ཞིག་གིས་ང་ནི་རྒྱ་ནག་གིས་བཟོས་པའི་སྨན་ཁབ་ལ་ཡིད་ཆེས་མེད། ངའི་རོགས་པ་མང་པོར་རྒྱ་ནག་གིས་བཟོས་པའི་སྨན་ཁབ་བརྒྱབ་པའི་རྗེས་སུ་ལུས་པོར་གནོད་ཀྱི་ཡོད་པ་མང་པོ་གོ་བྱུང་། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུའང་གཞུང་གི་སྨན་སྦྱོར་བཟོ་ཚོང་ཁང་དེ་དག་གིས་བཟོས་པའི་སྨན་ཁབ་རྣམས་སྤུས་དག་མིན་པའི་གླེང་སློང་མང་པོ་འབྱུང་གི་འདུག་ཅེས་བཤད། རྒྱ་ནག་གི་མི་དམངས་དཀྱུས་མ་ཚོར་ཕྱི་རྒྱལ་གྱི་སྨན་ཁབ་རག་གི་མེད་པ་དང་ཞིས་ཅིན་ཕིང་གིས་ཨ་རི་དང་ཡུ་རོབ། རྒྱ་གར་བཅས་ནས་སྨན་ཁབ་ནང་འདྲེན་བྱ་རྒྱུ་དེར་སྦམ་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་རིང་གཟའ་ཟླ་བའི་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་མི་དམངས་དུང་ཕྱུར་༡༤་ལ་འགོག་ཁབ་ནུས་ལྡན་ཞིག་མེད་ན་ཆག་སྒོ་ཆེན་པོ་འབྱུང་གི་རེད། རྒྱ་ནག་མི་དམངས་ཀྱི་ལུས་ཕུང་ལ་ནད་དུག་འགོག་ཐུབ་པའི་ནུས་ཤུགས་ཤིག་འཕེལ་དུ་འཇུག་རྒྱུ་གནད་འགག་ཆེ་ཞེས་གནས་ཚུལ་སྤེལ། ཨ་རིའི་ཝ་ཤིང་ཊོན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་༢༠༢༣་ལོའི་ཕྱི་ཟླ་༤་པའི་བར་དུ་རྒྱ་ནག་པ་༣༢༢༠༠༠་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འཕོག་རྒྱུའི་ཉེན་ཁ་འདུག མ་འོངས་པའི་ཟླ་ཤས་རིང་རྒྱ་ནག་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་མཚན་རྟགས་འདུག་ཅེས་སྙན་ཐོ་བཏོན། བདུན་ཕྲག་སྔོན་མར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྱང་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་སྤང་ལ་མེ་ཤོར་བ་ལྟར་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག་ཅེས་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG