ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་དང་གནམ་གཤིས་འགྱུར་ལྡོག་གིས་ལ་དྭགས་ཀྱི་འབྲོག་ས་ཇེ་ཆུང་།


Between China, climate change & development, Ladakhi nomads are losing grip on their land
Between China, climate change & development, Ladakhi nomads are losing grip on their land

༄༅།། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ལ་དྭགས་ཀྱི་བྱང་འབྲོག་གི་རྩྭ་ས་རྣམས་སྐམ། རྒྱ་ནག་ལ་འཁྲུག་རྩོད་སློང་རྒྱུ་འགོག་ཐབས་སུ་རྒྱ་གར་གྱི་དམག་གིས་འབྲོག་པ་ཚོར་ས་མཚམས་སུ་ཕྱུགས་ཟོག་འཚོ་རུ་བསྐྱོད་མ་བཅུག ད་ལྟ་ལ་དྭགས་ཀྱི་བྱང་འབྲོག་གི་འཚོ་བར་དཀའ་ངལ་དང་ཕྱུགས་ཟོག་རྣམས་འཚོ་སྐྱོང་བྱེད་མི་ཐུབ་པའི་གནས་སུ་གྱར་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༢་ཉིན་རྒྱ་གར་གྱི་པར་འདེབས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཆུ་ཤུལ་ས་ཁུལ་གྱི་འཐུས་མི་དཀོན་མཆོག་བསྟན་འཛིན་ཞེས་པ་ཞིག་གིས་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་ས་མཚམས་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་བ་དེ་ཕན་ཐོགས་བྱུང་མ་སོང་། གྲོས་མཐུན་དེ་ཆུ་ཤུལ་ས་ཁུལ་གྱི་མི་མང་གི་འཚོ་བར་འགྱུར་ལྡོག་ཐེབས་པ་ཞིག་ལ་འགྱུར་སྲིད། ང་ཚོ་ས་ཚིགས་༡༦་པ་ནས་ཕྱིར་འཐེན་བྱས་པ་ནི་ལོ་བཅུ་ཕྲག་མང་པོར་ས་གནས་དེར་སོ་ཁང་བཙུགས་ཏེ་ལྟ་སྲུང་བྱས་པ་དགོས་མེད་ཅིག་ཏུ་གྱུར་པ་རེད། ད་ནས་ཁུག་རང་ལུང་གཤོང་གི་རྩྭ་ས་རྣམས་རྒྱ་དཀར་ནག་གི་བར་དཀྱིལ་གྱི་ས་གནས་ཤིག་ཏུ་འགྱུར་རྒྱུ་ཡིན་པས་ལ་དྭགས་ཀྱི་འབྲོག་པ་ཚོ་གཏན་ནས་དགའ་མོས་མ་བྱུང་། དེའི་རྒྱུ་མཚན་ནི་འབྲོག་པའི་རྩྭ་ས་རྒྱ་ཆེན་པོ་ཞིག་ཤོར་བ་དང་སྔ་མོ་ནས་ས་རྒྱ་ཆེན་པོ་ཞིག་ཤོར་བ་རེད་ཅེས་བཤད།།

ལ་དྭགས་ཀྱི་བྱང་འབྲོག་ཚོ་ནམ་ཟླའི་འགྱུར་ལྡོག་ལ་བསྟུན་ནས་དབྱང་ས་དང་སྟོན་ས། དཔྱིད་ས་དང་དགུན་ས་བཅས་སུ་བབས་ཏེ་ཕྱུགས་ཟོག་འཚོས། དབྱར་དུས་རྩྭ་ཆུ་འཛོམས་ས་དང་ས་མཐོ་སར་སྤོར། དགུན་དུས་དམའ་སར་བབས་སྟེ་ས་ཆ་དྲོ་སར་ཕྱུགས་ཟོག་འཚོས་ནས་འཚོ་བར་རོལ། ༡༩༦༢་ལོར་རྒྱ་དཀར་ནག་གིས་བོད་ཀྱི་ས་མཚམས་སུ་དམག་འཁྲུག་བརྒྱབ་ནས་བཟུང་། ལ་དྭགས་ཀྱི་འབྲོག་པའི་རྩྭ་ས་རྣམས་རིམ་གྱིས་རྒྱ་ནག་ལ་ཤོར་བར་མ་ཟད། གནམ་གཤིས་འགྱུར་ལྡོག་དང་འཛུགས་སྐྲུན། མི་འབོར་འཕེལ་འགྲིབ་བཅས་ཀྱིས་རྩྭ་སའི་ས་བཅུད་ཉམས་ཏེ་འབྲོག་པའི་རྩྭ་ས་ལོ་རེ་བཞིན་ཇེ་ཆུང་དང་ཇེ་ཆུང་དུ་སོང་། ཆུ་ཤུལ་ས་ཁུལ་གྱི་འཐུས་མི་ཟུར་པ་འབྲོག་པ་རྣམ་རྒྱལ་ཕུན་ཚོགས་ཞེས་པ་ཞིག་གིས་སྔོན་ཆད་ས་གནས་འདིའི་ཁྱིམ་ཚང་རྣམས་འབྲོག་པ་རེད། ད་ལྟ་འབྲོག་པ་བརྒྱ་ཆ་༦༡་ལས་མེད། མི་རྣམས་གྲོང་ཁྱེར་དུ་སྤོར་ཏེ་ས་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་སོགས་ཀྱི་ལས་མིར་གྱུར། འབྲོག་ལས་ཐོན་སྐྱེད་ཀྱིས་འཚོ་བ་ཁུངས་འཁྱོལ་གྱི་མེད་པ་དང་དཀའ་ངལ་འདི་ཛ་དྲག་གི་སྒོ་ནས་སེལ་དགོས་པ་ཞིག་རེད་ཅེས་ནན་གྱིས་བསྐུལ། ཆུ་ཤུལ་གྲོང་གསེབ་ཀྱི་འགོ་ཁྲིད་དཀོན་མཆོག་ཡེ་ཤེས་ཞེས་པ་ཞིག་གིས་སྔོན་ཆད་ང་ཚོ་རེ་བཟང་ལ་དང་ནག་རྩེ་བར་དུ་ཕྱུགས་ཟོག་འཚོ་རུ་འགྲོ་ཆོག ད་ལྟ་ང་ཚོ་ས་ཆ་དེའི་ཉེ་འཁྲིས་སུའང་བཅར་དུ་འཇུག་གི་མི་འདུག་ཅེས་འཁང་ར་བཤད། ལོ་༨་ཀྱི་སྔོན་དེར་དཀོན་མཆོག་ཡེ་ཤེས་ཚང་ལ་ར་ལུག་༦༠༠་ལྷག་ཡོད་ཀྱང་དེང་སྐབས་རྩྭ་ས་མེད་པར་ར་ལུག་༢༨༠་ལས་མེད་ཅིང་། ཁོང་གིས་གནས་སྟངས་འདིར་འགྱུར་བ་ཞིག་མ་ཕྱིན་ན་ང་ཚོས་ཕྱུགས་ཟོག་བཙོངས་ནས་ཁྱིམ་གཞིས་སྤོར་རྒྱུའི་བསམ་བློ་གཏོང་དགོས་ཐུག་ས་རེད། ང་ཚོ་དཀའ་ངལ་ཆེན་པོ་ཞིག་གི་ནང་དུ་ཚུད་ཡོད་པ་དང་ཁྱིམ་ཚང་གཉིས་གསུམ་ཞིག་གིས་རྦད་དེ་ཕྱུགས་ཟོག་འཚོ་རྒྱུ་མཚམས་བཞག་སོང་ཞེས་བཀྲལ།།

ལ་དྭགས་ཤར་ཕྱོགས་སུ་གནམ་གཤིས་འགྱུར་ལྡོག་བྱུང་ནས་འབྲོག་པ་ཚོས་ར་ཁུལ་སྤུས་དག་ཐོན་སྐྱེད་བྱེད་མི་ཐུབ་པར་དམིགས་བསལ་གྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་སྟེ། ལ་དྭགས་ཀྱི་ཉོ་མ་ས་ཁུལ་དེའི་བྱང་འབྲོག་ཚོ་སྤྱི་ལེ་༡༣༥་ཡས་མས་ཀྱི་ས་མཚམས་སུ་ར་ལུག་འཚོ་སྐྱོང་བྱེད་དུ་ཕྱིན་ནས་ར་ཁུལ་རྩེ་ཕུད་ཐོན་སྐྱེད་ཐུབ་པ་དང་ར་ཁུལ་དེ་དག་གིས་ཨ་སྒོར་ཁྲི་ཚོ་མང་པོའི་རིན་འབབ་གྱི་གཟན་གོས་འཐག ལ་དྭགས་རྒྱལ་ཡོངས་སུ་ལོ་རེར་ར་ཁུལ་རྩེ་ཕུད་ཊོན་༥༠་རེ་ཐོན། རྒྱལ་ས་གླེ་རུ་གནས་འཁོད་ཉམས་ཞིབ་པ་སུ་ནེ་ཊི་རོ་གྷོ་སལ་ཞེས་པ་ཞིག་གིས་བྱང་འབྲོག་ཚོ་མི་རབས་མང་པོར་གནམ་གཤིས་གྲང་སར་བསྡད་ནས་ས་རྒྱུས་ལོན། ཁོ་ཚོས་ས་བཅུད་ཉམས་ཀྱི་ཡོད་མེད་བརྟག་དཔྱད་བྱེད་ཐུབ། ཐན་པ་དང་ཨ་ཚག་ཚག་པས་གནོད་འཚེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་གྱི་ཉམས་མྱོང་ཐོབ་ཡོད་པ་རེད་ཅེས་བཤད། ཆུ་ཤུལ་ས་ཁུལ་གྱི་འཐུས་མི་རྣམ་རྒྱལ་ཕུན་ཚོགས་ཞེས་པ་ཞིག་གིས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ནི་གནམ་གཤིས་འགྱུར་ལྡོག་ཐེབས་པ་གཅིག་པུ་ག་ལ་ཡིན། ས་མཚམས་ཀྱི་རྩོད་གཞི་སེལ་ཐབས་སུ་འབྲོག་པའི་རྩྭ་ས་རྒྱ་ཆེན་པོ་ཞིག་བཀག་འདུག ༢༠༢༠་ལོའི་འཁྲུག་རྩོད་རྗེས་སུ་ཆུ་ཤུལ་ས་ཁུལ་གྱི་འབྲོག་པའི་དགུན་ས་ཕལ་ཆེ་བ་རྩོད་གཞི་ཅན་གྱི་མངའ་ཁུལ་དུ་གྱུར། ང་ཚོ་འབྲོག་པ་ཚོས་རང་གི་རྩྭ་ས་གང་དུ་ཡོད་མེད་ཤེས་ཀྱི་ཡོད། ང་ཚོ་འབྲོག་ས་གཅིག་ལ་སྤོར་ན་དམག་མི་ཡང་ཕྱི་བཞིན་འབྲངས་ནས་ཡོང་གི་འདུག ང་ཚོས་ས་མཚམས་བརྒལ་ནས་འཁྲུག་རྩོད་སློང་གི་མ་རེད། ང་ཚོར་ཐོབ་ཐང་ཡོད་པ་ལྟར་ཕྱུགས་ཟོག་འཚོ་རུ་ཕྱིན་ནས་ལོག་ཡོང་གི་རེད་ཅེས་རྩོད་པ་བརྒྱབ།།

ལ་དྭགས་ཀྱི་བྱང་ཐང་ནི་གནམ་གཤིས་ཧ་ཅང་གྲང་ས་དང་ཧི་མ་ལ་ཡའི་རི་སྤྱང་དང་གསའ། རྐྱང་དང་འབྲོང་སོགས་རི་དྭགས་དཀོན་རིགས་ཇི་སྙེད་ཅིག་གི་འཚོ་གནས་བྱ་ཡུལ་ཡིན་ཞིང་། ལོ་ན་༦༦་ལ་སོན་པའི་བྱང་པ་ཀརྨ་བཀྲ་ཤིས་ཞེས་པ་ཞིག་གིས་ངས་ལོ་ཤས་སྔོན་ནས་ཕྱུགས་གཟོ་འཚོ་རྒྱུ་མཚམས་བཞག་པ་ཡིན། དམག་འཁྲུག་གི་དུས་སུ་འཁྱག་རོམ་ཧ་ཅང་གི་མཐུག་པོ་ཆགས་ཡོད་པ་དང་རྩྭ་ཆུ་འཛོམས་པོ་ཡོད། འདས་པའི་ལོ་ངོ་དེ་དག་གི་རིང་འཁྱག་པ་ཞུ་ནས་འཁྱག་རོམ་རྣམས་ཇེ་སྲབ་ཏུ་ཕྱིན་སོང་། ཁ་བའང་དུས་ཐོག་ཏུ་འབབ་ཀྱི་མེད་པས་རྩྭ་ས་རྣམས་མྱུར་དུ་སྐམ་གྱི་འདུག་ཅེས་དཀའ་ངལ་བགྲངས། རྒྱ་གར་གྱི་ཚན་རིག་པ་བྷ་ཏ་ན་གྷར་ཞེས་པ་ཞིག་གིས་ལ་དྭགས་ཀྱི་རྫ་རི་བྲག་རི་དེ་དག་གི་སྟེང་དུ་ཆུ་འཛིན་མི་ཐུབ་པར་ཆུ་ལོག་རྒྱུག ཁ་བ་འབབ་རྒྱུ་ཅི་ཙམ་ཉུང་ན་རྫ་མགོའི་གངས་རྣམས་ཞུ་རྒྱུ་ཇེ་མགྱོགས་རེད། གངས་ཆུ་དེ་རྣམས་ཞིང་ཁའི་ནང་དུ་རྒྱུག་མི་ཐུབ་པ་དང་གངས་ཆུ་འབབ་ཡུལ་དུ་རྩི་ཤིང་ཁག་ཅིག་མོད་པོ་སྐྱེས། དབྱར་གྱི་དུས་སུ་ཞ་ཚན་མེད་པ་དང་ཆར་ཞོད་ཀྱང་དུས་ཐོག་ཏུ་མ་བསླེབས་ན་རྩི་ཤིང་དེ་རྣམས་སྨིན་ལོང་མེད་པར་སྐམ་གྱི་ཡོད་པས་རྩྭ་སའི་ས་བཅུད་འཕེལ་བར་ཕན་ཐོགས་མི་འདུག གནམ་གཤིས་ཇེ་དྲོར་ཕྱིན་པའི་སྟབས་ཀྱིས་ལ་དྭགས་ཤར་ཕྱོགས་སུ་ཞིང་ལས་དར་ཁྱབ་སོང་། ལ་དྭགས་པ་ཚོས་ཞིང་ལས་རྒྱ་བསྐྱེད་ནས་འབྲོག་པའི་རྩྭ་ས་རྣམས་ཆུང་དུ་སོང་སྟེ་འབྲོག་ལས་ལ་ཉམས་ཆག་འགྲོ་ཡི་འདུག་ཅེས་བསྟན།།

ཆུ་ཤུལ་ས་ཁུལ་གྱི་འཐུས་མི་དཀོན་མཆོག་བསྟན་འཛིན་གྱིས་མུ་མཐུད་དུ་བཤད་པ་ལྟར་ན། འབྲོག་པའི་ཡོང་འབབ་ལ་གཞུང་གིས་ཁ་གསབ་སྤྲོད་རྒྱུའི་འགན་ལེན་དང་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ཐུབ་ཚེ། ལ་དྭགས་ཀྱི་བྱང་འབྲོག་རྣམས་རྒྱལ་ས་གླེའི་ཕྱོགས་སུ་ཁྱིམ་གཞིས་སྤོར་གྱི་ཡོད་པ་འགོག་ཐུབ་ཟེར། གྷོ་སལ་ཞེས་པའི་ལ་དྭགས་པ་གཞན་ཞིག་གིས་ཀྱང་འབྲོག་པའི་དགོས་མཁོ་བསྟུན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས། སྲིད་ཇུས་མང་དག་ཅིག་འབྲོག་པའི་འཚོ་བའི་གོམས་སྲོལ་ལ་བསམ་ཤེས་མ་བྱས་པ་ཤ་སྟག་རེད། ལོ་ཤས་གོང་དུ་རྒྱལ་ས་གླེའི་ས་གནས་ཤིག་ཏུ་ར་ཁུལ་འབྲེག་ས་བཟོ་གྲྭ་ཞིག་འཛུགས་སྐྲུན་བྱས་སོང་། འབྲོག་པ་ཚོས་ར་ལུག་དེད་ནས་ཁུལ་འབྲེག་བཟོ་གྲྭ་དེར་བསྐྱོད་དགོས་པའི་ལམ་གྲོན་ལ་བསམ་ཞིབ་གཏན་ནས་བྱས་མི་འདུག སྲིད་ཇུས་གཏན་འབེབས་བྱེད་པའི་སྐབས་སུ་འབྲོག་པའི་བདེ་སྡུག་ལ་མཉན་ནས་དགོས་མཁོ་རྣམས་སྐུང་ཐུབ་པ་ཞིག་བྱ་དགོས་ཞེས་ནན་བརྗོད་བྱས་ཤིང་། རྒྱ་གར་གྱི་མདུན་ས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་བྱང་འབྲོག་གི་ཕྲུ་གུ་ཚོར་ཕུ་ག་གྲོང་གསེབ་ཏུ་སློབ་གྲྭ་གཅིག་ལས་མི་འདུག དེ་ནི་ས་གནས་དེའི་ལོ་ན་༣་ནས་༡༨་བར་གྱི་སློབ་ཕྲུག་༡༢༠་ཐམ་པའི་ཉལ་ས་དང་ཟ་ས། སློབ་གྲྭ་འཚོགས་ས་བཅས་རེད། ལ་དྭགས་ཀྱི་བྱང་འབྲོག་གི་ཕྲུ་གུ་ཚོར་སྲོལ་རྒྱུན་གྱི་འཚོ་བའི་གོམས་སྲོལ་རྣམས་འཇགས་དགོས་པ་གལ་ཆེན་ཡིན་མོད། འོན་ཀྱང་ཁོ་ཚོར་དེང་རབས་ཀྱི་ཤེས་ཡོན་སློབ་རྒྱུ་དེ་བས་ཀྱང་གནད་འགག་ཆེན་པོ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG