ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་བཞིར་གཡོ་ཁྲམ་གྱི་འོས་བསྡུ་འགོ་འཛུགས།


Moscow-held regions of Ukraine in ‘sham’ vote to join Russia
Moscow-held regions of Ukraine in ‘sham’ vote to join Russia

༄༅།། ཨུ་རུ་སུས་བཙན་བཟུང་བྱེད་བཞིན་པའི་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞིར་མང་མོས་འོས་བསྡུ་བྱ་རྒྱུ་འགོ་ཚུགས། དེ་རིང་གཟའ་པ་སངས་ནས་ས་ཁུལ་དེ་དག་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུ་ཡིན་མིན་ཐད་འོས་ཤོག་འཕེན་རྒྱུའི་སྟ་གོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་དེ་ཚོར་མང་མོས་འོས་བསྡུ་བྱེད་ཀྱི་ཡོད་པ་ནི་ཁྲིམས་འགལ་དང་ཟོག་རྫུ། ཡུཀ་རེན་གྱི་ས་ཆ་ཧམ་འཕྲོག་བྱ་རྒྱུའི་གཡོ་ཐབས་ཤིག་རེད་ཅེས་ཡུཀ་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁ་རྡུང་དྲག་པོ་གཏོང་གི་ཡོད་ཅིང་། ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པ་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་གཉིས་ནི་༢༠༡༤་ལོ་ནས་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད། ད་ལོའི་བཙན་འཛུལ་རྗེས་སུ་ཡུཀ་རེན་གྱི་ཛ་པོ་རི་ཤི་ཡ་དང་ཁར་སན་གཉིས་ཨུ་རུ་སུས་བཙན་གྱིས་ཕྲོགས། ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་བཞིར་ཨུ་རུ་སུའི་མི་རིགས་གྲངས་མང་ཡིན་པས་ཕུ་ཊིན་གྱིས་ཨུ་རུ་སུའི་མི་རིགས་ལ་སྲུང་སྐྱོབ་དང་བཅིངས་འགྲོལ་གཏོང་གི་ཡོད་ཅེས་དམག་རྒྱག་ཆོག་པའི་སྒྲུབ་བྱེད་བཀོད། ལོ་འདིའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཡུཀ་རེན་ལ་བཙན་འཛུལ་མ་བྱས་པའི་ཉི་མ་གསུམ་གྱི་སྔོན་དེར་ཕུ་ཊིན་གྱིས་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་ཤིང་། ད་ལྟ་ཨུ་རུ་སུའི་བཀོད་ཇུས་བྱས་པའི་འོས་ཤོག་ནང་དུ་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞི་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུ་ཡིན་ནམ་ཞེས་དྲིས་ཡོད་པས་ཕུ་ཊིན་གྱི་འདོད་པ་ལྟར་ས་གནས་དེ་དག་གི་མི་དམངས་ཀྱིས་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུ་ཡིན་ཞེས་འོས་ཤོག་འཕེན་རྒྱུར་ཐེ་ཚོམ་བྲལ། དེའི་རྗེས་སུ་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་ས་ཁུལ་དེ་དག་ལེན་ཐབས་བྱེད་ཚེ། ཡུཀ་རེན་གྱིས་ཨུ་རུ་སུའི་མངའ་ཁོངས་སུ་གཏོར་རྒོལ་བྱས་བྱུང་ཞེས་དམག་འཁྲུག་གི་ཛ་དྲག་ཚབས་ཆེ་རུ་གཏོང་རྒྱུའི་ངན་ཇུས་གཤོམ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཆེན་པོ་བྱུང་སྟེ་ས་ཆ་རྒྱ་ཆེན་པོ་ཞིག་ཤོར་ནས་བཟུང་། ཨུ་རུ་སུའི་ཕྱོགས་གཏོགས་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་ཁག་གི་འགོ་ཁྲིད་ཚོས་ཕུ་ཊིན་ལ་མང་མོས་འོས་བསྡུ་མྱུར་དུ་བྱ་དགོས་ཞེས་འབོད་སྐུལ་ཞུས། གཟའ་ལྷག་པའི་ཉིན་ཕུ་ཊིན་གྱིས་ཨུ་རུ་སུའི་ཟུར་འཇོག་དམག་མི་འབུམ་༣་ལྷག་དམག་སྐུལ་བྱ་དགོས་པའི་བཀའ་ཕབ། ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་ཁག་ཏུ་མང་མོས་འོས་བསྡུ་བྱས་ནས་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུ་ཡིན་མིན་ཐག་གཅོད་བྱ་རྒྱུ་དེར་རྒྱབ་སྐྱོར་ཡོད་ཅེས་བསྒྲགས། དེར་བརྟེན་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་པའི་ས་ཁུལ་ཁག་གི་འགོ་ཁྲིད་ཚོས་གཟའ་པ་སངས་ནས་བདུན་ཕྲག་རྗེས་མའི་གཟའ་མིག་དམར་བར་དུ་མང་མོས་འོས་བསྡུ་བྱ་རྒྱུའི་ཐག་བཅད། འོས་འདེམས་ཀྱི་ལས་སྣེ་ཚོས་ཁྱིམ་ཚང་ཁག་ལ་འོས་ཤོག་བསྐྱལ། གྲོང་ཁྱེར་ཁག་ཏུ་གུར་ཕུབ་ནས་འོས་ཤོག་འཕེན་ས་བཀོད་སྒྲིག གཟའ་མིག་དམར་ཉིན་མི་དམངས་རྣམས་འོས་ཤོག་འཕེན་དུ་ཡོང་དགོས་ཞེས་དྲིལ་བསྒྲགས་བྱེད་མགོ་བརྩམས། ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་ཁག་ནས་ཨུ་རུ་སུར་བྲོས་བྱོལ་དུ་ཕྱིན་པ་རྣམས་ལའང་འོས་ཤོག་འཕེན་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན། མོ་སི་ཀོར་གནས་འཁོད་ཌོ་ནེ་ཛིཀ་ཁ་བྲལ་ས་གནས་ཀྱི་འགོ་ཁྲིད་ཌེ་ཎི་སི་ཕུ་ཤི་ལིན་གྱིས་གཟའ་པ་སངས་འདི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་རེད་ཅེས་མང་མོས་འོས་བསྡུར་བསྔགས་བརྗོད་ཞུས། ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཝོ་ལོ་ཌིན་གྱིས་གཟའ་པ་སངས་ཉིན་དྲྭ་ལམ་དུ་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞིའི་མི་དམངས་ལ་ཁྱེད་ཚོས་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུའི་འོས་ཤོག་འཕངས་ན་ང་ཚོས་དེ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཨུ་རུ་སུའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མ་ཊི་ཝི་ཡེན་ཀོས་གྱེན་ལོག་ས་ཁུལ་ཁག་གི་མི་དམངས་ཀྱིས་རང་གི་འཆི་གསོན་ལ་ཐུག་པའི་འོས་ཤོག་ཅིག་འཕེན་གྱི་ཡོད་པ་རེད་ཅེས་བཀྲལ།།

མདང་དགོང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་སྐད་དུ་འོས་བསྡུ་དེ་གཡོ་ཁྲམ་ཞིག་རེད། ཨུ་རུ་སུའི་མི་དམངས་ཀྱིས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང་། ཁྱེད་ཚོར་ཡུཀ་རེན་ལ་མི་གསོད་ཁྲག་སྦྱོར་དང་མནར་གཅོད་འཕོག་གི་ཡོད་པ་འགོག་ཐབས་མ་བྱས་པའི་ནག་ཉེས་ཡོད་པ་རེད། ད་ལྟ་ཨུ་རུ་སུའི་སྐྱེས་པ་ཚོས་འཆི་གསོན་གྱི་གདམ་ཀ་ཞིག་བྱེད་པའི་དུས་སུ་བབས། ཁྱེད་ཚོ་དམག་འཁྲུག་ལ་ཞུགས་ནས་རང་སྲོག་སྐྱེལ་བའམ། ཡང་ན་རྨས་སྐྱོན་ཕོག་སྟེ་ཚེ་གང་དབང་པོ་སྐྱོན་ཅན་ལ་འགྱུར་དུ་འཇུག་རྒྱུ་ཡིན་མིན་དེར་བསམ་བློ་ཐོངས། ཨུ་རུ་སུའི་བུད་མེད་ཚོས་རང་གི་ཁྱོ་ག་དང་བུ། ཚ་བོ་དང་ཕུ་ནུ། དགའ་རོགས་སོགས་ཀྱི་ཚེ་སྲོག་འཆོར་དུ་འཇུག་རྒྱུ་ཡིན་མིན་གྱི་གདམ་ཀ་ཞིག་བྱ་དགོས། ཁྱེད་ཚོས་འབད་བརྩོན་བྱས་ན་རང་གི་ཁྱོ་ག་དང་བུ། ཕུ་ནུ་དང་ཚ་བོ་རྣམས་སྐྱོབ་ཐུབ་ཅེས་ཕུ་ཊིན་གྱི་དམག་སྐུལ་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་ལྕག་བཏང་ཞིང་། གཟའ་པ་སངས་ཀྱི་ཞོགས་པར་ཛ་པོ་རི་ཤི་ཡ་མངའ་ཁུལ་གྱི་ཨུ་རུ་སུའི་ཕྱོགས་གཏོགས་པའི་འགོ་ཁྲིད་ཚོས་མེ་ལི་ཊོ་པོལ་གྲོང་དཀྱིལ་དུ་འཕུར་མདེལ་འཕངས་ནས་ཡུཀ་རེན་གྱིས་གཏོར་རྒོལ་བྱས་བྱུང་། མི་ལ་འཆི་རྨས་བྱུང་ཡོད་མེད་དང་གཏོར་སྐྱོན་ཅི་ཙམ་ཕོག་ཡོད་མེད་རྣམས་ཤེས་རྟོགས་བྱུང་མ་སོང་ཞེས་བཤད། དེ་བཞིན་ཌོ་ནེ་ཛིཀ་ས་གནས་ཀྱི་ཨུ་རུ་སུའི་ཕྱོགས་གཏོགས་པའི་འགོ་ཁྲིད་ཚོས་ཀྱང་ཡུཀ་རེན་གྱི་དམག་གིས་ཌོ་ནེ་ཛིཀ་གྲོང་ཁྱེར་དང་དེའི་ཉེ་འཁོར་གྱི་ཡ་སི་ནུ་ཝ་ཏ་གྲོང་ཁྱེར་གཉིས་ལ་གཏོར་རྒོལ་བྱས་བྱུང་ཟེར། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུས་མེ་སྒྱོགས་བརྒྱབ་ནས་རྒོལ་རྡུང་དྲག་པོ་བྱེད་ཀྱི་འདུག་ཅེས་ཕ་རོལ་པོར་སྐྱོན་བཙུགས། མཱི་ཀོ་ལེ་ཡབ་ཞིང་ཆེན་གྱི་འགོ་ཁྲིད་ཝི་ཏ་ལི་ཀིམ་ཞེས་པ་ཞིག་གིས་གཟའ་པ་སངས་ཉིན་གྱི་ཞོགས་པ་སྔ་པོ་ནས་ཨུ་རུ་སུའི་དམག་གིས་མེ་སྒྱོགས་ལན་མང་བརྒྱབ་ནས་གཏོར་རྒོལ་བྱས་བྱུང་ཞེས་བཤད།།

ཕྱི་ཟླ་༩་པའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གུ་ཊར་རེ་སིས་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་༧༧་པའི་ཐོག་ཏུ་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་བར་ནམ་ཡང་ངོས་ལེན་བྱེད་ཐུབ་ཐབས་མེད། ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཚུད་པའི་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞིར་མང་མོས་འོས་བསྡུ་བྱེད་ཀྱི་ཡོད་པ་ནི་ས་ཆ་ཧམ་འཕྲོག་བྱ་རྒྱུའི་ཀུན་སློང་འབའ་ཞིག་རེད། ཨུ་རུ་སུའི་མང་མོས་འོས་བསྡུ་དེར་བློ་འཚབ་ཆེན་པོ་ཡོད། རྒྱལ་ཁབ་གཅིག་གིས་འཇིགས་སྐུལ་བྱས་པའམ། ཡང་ན་བཙན་དྲག་གི་སྒོ་ནས་རྒྱལ་ཁབ་གཞན་ཞིག་གི་ས་ཆ་བཙན་འཕྲོག་བྱེད་ན་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལ་རྒྱབ་འགལ་རེད་ཅེས་བསྟན། ༢༠༢༢་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་མི་གསོད་ཁྲག་སྦྱོར་དང་དམར་གསོད་འབྱུང་གི་ཡོད་པའི་གནད་དོན་ཁག་ལ་གྲོས་སྡུར་དང་ཨུ་རུ་སུར་སྐྱོན་བརྗོད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་སྦྱོར་བ་ཀ་རིམ་ཁན་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ས་ཐོག་ཏུ་དམག་འཁྲུག་གི་ནག་ཉེས་དང་འགྲོ་བ་མི་ལ་གནོད་འཚེའི་ནག་ཉེས། མི་རིགས་གཙང་སེལ་དང་བཙན་འཛུལ་གྱི་ནག་ཉེས་རྣམས་བསགས་ཡོད་པའི་གཞི་རྩ་ངེས་ཅན་ཞིག་འདུག་ཅེས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་སྙན་སེང་ཞུས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་བྱིས་པ་དང་མི་དམངས་དཀྱུས་མ་རྣམས་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱས་པ་ཁག་ཞིབ་འཇུག་བྱ་རྒྱུ་གཙིགས་སུ་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག

ཕུ་ཊིན་གྱིས་ཕྱོགས་གཅིག་ནས་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་པའི་ས་ཁུལ་ཁག་ལ་མང་མོས་འོས་བསྡུ་བྱེད་དུ་འཇུག་གི་ཡོད་པར་མ་ཟད། ཁོ་པས་ཕྱོགས་གཞན་དེར་ཨུ་རུ་སུའི་ཟུར་འཇོག་དམག་མི་རྣམས་དམག་སྐུལ་བྱས་ནས་བུད་མེད་མང་པོ་ཞིག་གིས་མིག་ཆུ་གཏོང་བཞིན་རང་གི་ཁྱོ་ག་དང་བུ། ཕུ་ནུ་རྣམས་དང་དགའ་རོགས་སོགས་དམག་སྐུལ་ཁང་དུ་སྐྱེལ་བཞིན་ཡོད་པའི་འདྲ་པར་དང་བརྙན་ཐུང་མང་པོ་ཞིག་ཨུ་རུ་སུའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ། ཨུ་རུ་སུ་རྒྱལ་ཡོངས་ཀྱི་དམག་སྐུལ་ཁང་དེ་དག་གི་ནང་དུ་སྐྱེས་པ་ཚོས་རང་གི་ཆུང་མ་དང་ཨ་མ། དགའ་རོགས་དང་སྤུན་མཆེད་སོགས་འཐམས་རྗེས་དམག་ལ་ཆས། ཨུ་རུ་སུའི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཚོས་རྒྱལ་ཡོངས་སུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་གྲ་སྒྲིག་ལ་བྲེལ། གཟའ་ལྷག་པའི་དགོང་མོ་ནས་ཨུ་རུ་སུའི་གཞུང་གིས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་མི་༡༤༠༠་ལྷག་འཛིན་བཟུང་བྱས་ཤིང་། ཨུ་རུ་སུའི་སྐྱེས་པ་དང་བུད་མེད་འབུམ་ཕྲག་མང་པོ་དམག་སྐུལ་ལ་གཡོལ་བར་རླངས་འཁོར་ནང་དུ་ཧྥིན་ལན་ཌི་དང་འཇོར་ཇཱི་ཡ། བྷེ་ལོ་རུ་སི་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐར་ཐབས་སུ་འབད། གནམ་གྲུའི་འཛིན་བྱང་རག་པ་རྣམས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་སར་བྷི་ཡ་དང་དཀྱིལ་ཐིག་རྒྱ་མཚོའི་འགྲམ་དུ་ཆགས་པའི་ཏུར་ཀི་རྒྱལ་ཁབ་སོགས་ལ་བྲོས་ནས་ཕུ་ཊིན་གྱི་དམག་སྐུལ་ལ་གཡོལ་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༩་པའི་ཚེས་༢༣་ཉིན་སེ་ཨེན་ཨེན་གསར་འགྱུར་ལས་ཁང་གིས་རྒྱལ་སྤྱིའི་དམག་འཁྲུག་ཞིབ་འཇུག་ཁང་དང་ཨ་རིའི་གསང་བའི་ལས་ཁུངས། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཁག་གི་སྙན་ཐོ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་སྡེ་ཕལ་ཆེ་བའི་འཐབ་རྒོལ་གྱི་ནུས་པ་བརྒྱ་ཆ་༥༠་ནས་༩༠་ཡས་མས་ཤིག་ཉམས་ཟིན་འདུག ཕུ་ཊིན་གྱིས་ཟུར་འཇོག་དམག་མི་འབུམ་༣་ལྷག་དམག་སྐུལ་བྱས་ཀྱང་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་དམག་སྦྱོང་ཐོབ་དཀའ། ཨུ་རུ་སུའི་དམག་མི་གསར་པ་ཚོར་སྦྱོང་བརྡར་མེད་ན་སྔར་བཞིན་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཕམ་ཉེས་འབྱུང་རྒྱུ་ཉག་ཅིག་རེད་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་གྲོས་ཚོགས་འོག་མའི་འཐུས་མི་ཛུ་གྷ་ནོབ་ཀྱིས་དམག་མི་གསར་པ་ཚོར་དུས་ཡུན་བདུན་ཕྲག་གཉིས་ཀྱི་དམག་སྦྱོང་སྤྲད་ནས་དམག་སར་བཏང་ན་འགྲིག་གི་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG