ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྕམ་པེ་ལོ་སི་ཐེ་ཝན་ལ་ཕེབས་དོན་དང་དེའི་རྒྱབ་ལྗོངས།


པེ་ལོ་སི་ཡི་ཚེས་༣་ཉིན་གྱི་ཐེ་ཝན་ནང་གི་མཛད་རིམ་མགོ་འཛུགས་གནང་བ།
པེ་ལོ་སི་ཡི་ཚེས་༣་ཉིན་གྱི་ཐེ་ཝན་ནང་གི་མཛད་རིམ་མགོ་འཛུགས་གནང་བ།

ཚེས་༢་ཉིན་གྱི་མཚན་མོ་ཨ་མེ་རི་ཀའི་གྲོས་ཚོགས་ཚོགས་གཙོ་ལྕམ་ནཱན་སི་པེ་ལོ་སི་ཐེ་ཝན་དུ་བདེ་བར་འབྱོར་བ་འདི་ནི་ཉིན་ཤས་ལ་རྒྱ་ནག་གཞུང་གིས་འཇིགས་སྣང་དང་དམག་འཁྲུག་སློང་ཉེན་གྱི་གཏམ་སྤྱོད་སྤེལ་བ་དེ་འབྲས་མེད་གྱུར་བར་བདེན་དཔང་བྱས་ཡོད། རྒྱལ་སྤྱིའི་གསར་ཁང་མང་པོས་ལྕམ་པེ་ལོ་སི་ཡིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་གནམ་གྲུ་ཐེ་ཝན་གྱི་མཁའ་དབྱིངས་སུ་འབྱོར་བ་ནས་བརྙན་འཕྲིན་ཐད་གཏོང་གི་ལམ་ནས་གཟིགས་འབུལ་ཞུས་པ་དང་ས་ཐོག་ལ་བབ་རྗེས་ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་སྣེ་ལེན་ཞུས་པའི་གནས་ཚུལ་སྤེལ་སོང་། ལྕམ་པེ་ལོ་སི་ཡི་གཟིགས་སྐོར་འདི་ནི་འདས་པའི་མི་ལོ་༢༥་ཡི་རིང་ལ་ཐེ་ཝན་ལ་འཚམས་གཟིགས་སུ་ཕེབས་པའི་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད།

ལྕམ་པེ་ལོ་སི་ཐེ་ཝན་དུ་བདེ་བར་འབྱོར་རྗེས་རང་གི་དྲ་ཚིགས་སུ་ཐེ་ཝན་ནི་གསོན་ཤུགས་ལྡན་པའི་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་པ་དང་ཧིན་རྡུ་རྒྱ་མཚོའི་མངའ་ཁོངས་ཀྱི་ང་ཚོའི་མཐུན་གྲོགས་གལ་ཆེན་ཞིག་ཡིན་པས་ཨ་མེ་རི་ཀ་ཐེ་ཝན་དང་མཉམ་དུ་ཡོད་པར་སྟོན་པ་ནི་ཐེངས་འདིའི་གཟིགས་སྐོར་གྱི་དོན་སྙིང་ཡིན་ཞེས་བྲིས་སོང་།

རྒྱ་ནག་གཞུང་གིས་ཐེ་ཝན་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་དུ་ཕེབས་པ་ཡིན་ན་ཨ་མེ་རི་ཀས་རྒྱ་ནག་གི་མངའ་ཁོངས་བདག་དབང་དང་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྡོག་རོལ་བཏང་བ་ཡིན་པས་མཇུག་འབྲས་ངན་པ་འབྱུང་སྲིད་ཅེས་གཞུང་སྒེར་གཉིས་ནས་ཐབས་ལམ་སྣ་ཚོགས་ཀྱིས་འཇིགས་སྣང་བསྐུལ་ཡང་། ཨ་རིའི་གཞུང་གིས་ཁ་སང་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ་ཨ་རིའི་གྲོས་ཚོགས་ནི་རང་དབང་གི་སྡེ་ཚན་ཞིག་ཡིན་པ་དང་ལྕམ་པེ་ལོ་སི་ཐེ་ཝན་དུ་ཕེབས་རྒྱུ་ནི་རང་དབང་ལྡན་པ་ཞིག་ཡིན་ཕྱིན་གལ་ཏེ་རྒྱ་ནག་གིས་དམག་དོན་ཉེན་ཁ་བསླངས་ནས་འགོག་རྐྱེན་བཟོས་ཚེ་དེའི་འགན་ཆ་ཚང་རྒྱ་ནག་ལ་ཡོད་ཅེས་ནན་བརྗོད་བྱེད་སོང་། སྤྱིར་ལྕམ་པེ་ལོ་སི་ཡི་གནམ་གྲུ་ཐེ་ཝན་དུ་ས་ལ་མ་བབ་པའི་སྔ་རོལ་བར་དུ་རྒྱ་ནག་མི་མང་དང་ལྷག་པར་དུ་རྒྱ་ནག་གཞུང་གི་ཁ་ཤོམས་ལ་ཡིད་ཆེས་བྱེད་མཁན་དང་རྗེས་སུ་འབྲངས་མཁན་རྒྱ་རིགས་ས་ཡ་མང་པོས་རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་ཐེ་ཝན་ལ་ཕར་རྒོལ་བྱེད་སྲིད་པར་རེ་བ་བཟུང་ཡོད་པ་རེད།

ལྕམ་པེ་ལོ་སི་ཡིས་སྣེ་ཁྲིད་པའི་གྲོས་ཚོགས་སྐུ་ཚབ་ཚོགས་པ་ཐེ་ཝན་དུ་ཕེབས་རྒྱུའི་ཐད་ལ་ཁོང་གིས་ཨ་རིའི་གསར་ཤོག་སྐད་གྲགས་ཅན་༼ཝ་ཤིན་ཀྲོན་ཡིག་ཟམ་༽ཐོག་ལ་༼ངས་སྣེ་ཁྲིད་པའི་གྲོས་ཚོགས་སྐུ་ཚབ་ཚོགས་པ་ཐེ་ཝན་ལ་འཚམས་གཟིགས་སུ་ཕེབས་དོན་༽ཞེས་པའི་བསམ་ཚུལ་རྩོམ་ཡིག་ཅིག་བྲིས་ཡོད་པ་དེའི་ནང་དུ། འཛམ་གླིང་མི་མང་གིས་མི་གཅིག་དབང་བསྒྱུར་ལམ་ལུགས་དང་དམངས་གཙོ་ལམ་ལུགས་གཉིས་ལས་གདམས་ཀ་བྱེད་པའི་དུས་ལ་བབ་ཡོད། ལོ་ངོ་༥༣་གྱི་གོང་ཙམ་ལ་སྐབས་དེའི་ཨ་རིའི་གྲོས་ཚོགས་སུ་མང་མོས་ཐོག་༼ཐེ་ཝན་འབྲེལ་ལམ་གྱི་ཁྲིམས་༽ལ་རྒྱབ་སྐྱོར་ཐོབ་ཏེ་སྲིད་འཛིན་ཇེ་མི་ཀཱ་ཌར་གྱིས་མཚན་རྟགས་བཀོད་པ་ནི་ཨེ་ཤ་ཡའི་མངའ་ཁོངས་ཀྱི་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་གལ་ཆེ་ཤོས་གྲས་ཆགས་ཡོད་ལ། ༼ཐེ་ཝན་འབྲེལ་ལམ་གྱི་ཁྲིམས་༽་འདི་ཡིས་ཐེ་ཝན་གྱི་དམངས་གཙོ་དང་མཐུན་གྲོགས་གལ་ཆེ་ཤོས་ཀྱི་ངོ་བོའི་ཐོག་ནས་ཨ་མེ་རི་ཀས་ཐེ་ཝན་ལ་དཔལ་འབྱོར་ཡར་རྒྱས་དང་ཕྱི་འབྲེལ་སྲུང་སྐྱོབ་ལྡན་པ་ཞིག་ཡོང་བར་མཐུན་རྐྱེན་བསྐྲུན་རྒྱུ་དང་ཆབས་གཅིག་རང་ཐག་རང་གཅོད་དང་རང་སྲིད་རང་སྐྱོང་། དམངས་གཙོ་དང་རང་དབང་། འགྲོ་བ་མིའི་རིགས་ཀྱི་བརྩི་མཐོང་དང་ཐོབ་ཐང་ལ་གཅིག་མཚུངས་ཀྱི་ལྟ་ཚུལ་ཡོད་པའི་མཐུན་གྲོགས་ཤིག་ཏུ་བཏང་ཡོད། ཐེངས་འདིར་ཁོང་དང་ཁོང་གི་ལས་གྲོགས་གྲོས་ཚོགས་སྐུ་ཚབ་ཚོགས་པ་ཐེ་ཝན་དུ་ཕེབས་པ་ནི་ཨ་མེ་རི་ཀས་ལོ་རྒྱུས་ཀྱི་གན་རྒྱ་དང་དེའི་འབྲུ་དོན་ཁག་མུ་མཐུད་དུ་རྩ་འཛིན་བྱེད་དེ་དུས་ནམ་ཡང་ཐེ་ཝན་དམངས་གཙོའི་གཞུང་དང་ཐེ་ཝན་མི་མང་ཁེར་རྐྱང་དུ་རྒྱ་ནག་གི་འཇིགས་སྐུལ་ལ་གདོང་ལེན་བྱེད་དུ་འཇུག་རྒྱུ་མིན་པར། ཨ་རིའི་གཞུང་དང་ཨ་རིའི་མི་མང་ཐེ་ཝན་དང་མཉམ་དུ་ཡོད་པ་གོ་བརྡ་སྤྲོད་ཆེད་དང་ལྷག་པར་དུ་ཐེ་ཝན་མི་མང་ས་ཡ་༢༤་ཙམ་ཁོ་ན་མ་ཡིན་པར། རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་མྱོང་བཞིན་པའི་བོད་དང་ཡུ་གུར། ཧོང་ཀོང་། སོག་པོ་ལ་སོགས་པའི་ས་ཁོངས་མང་པོའི་མི་མང་གི་རེ་བ་མི་འབོར་བའི་ཆེད་དུ་ཡིན་ཚུལ་བཀོད་ཡོད།

རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ལ་རྒྱལ་ཁབ་གང་རུང་དང་ཐེ་ཝན་བར་དུ་ཕྱི་འབྲེལ་བྱུང་ཚེ་ཁ་ཤོམས་ཆེན་པོས་འཇིགས་སྣང་སྐུལ་སྲོལ་ཡོད་པ་དང་ཁ་ཤོམས་ཆེན་པོའི་འཇིགས་སྐུལ་ལ་ནུབ་ཕྱོགས་རྒྱལ་ཁབ་མང་པོས་དང་ལེན་དང་བརྩི་སྲུང་ཡང་བྱེད་མྱོང་བ་རེད་ལ། ཐེངས་འདིར་ལྕམ་པེ་ལོ་སི་ཐེ་ཝན་དུ་ཕེབས་རྒྱུའི་ཐད་ལ་ཡང་ཨ་རིའི་ཆབ་སྲིད་པ་དང་དབྱེ་ཞིབ་པ། མི་མང་གི་ཁྲོད་དུ་ཐེ་ཚོམ་བྱེད་མཁན་བྱུང་ཡོད། ད་དུང་ལྕམ་པེ་ལོ་སི་ནི་དམག་འཁྲུག་སློང་གཞིའི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་ཏུ་འགྱུར་ངེས་པར་བཤད་མཁན་ཡང་བྱུང་ཡོད། ལྷག་པར་དུ་རྒྱ་ནག་གི་ཕྱོགས་ནས་དམག་དོན་གནམ་གྲུ་གྲ་སྒྲིག་ཨང་གསར་ཡོད་ཚུལ་དང་ཡང་ལྕམ་པེ་ལོ་སི་ཡི་གནམ་གྲུ་ལ་དམག་དོན་གནམ་གྲུའི་འཇབ་རྒོལ་བྱེད་རྒྱུ་ལ་སོགས་པའི་གནས་ཚུལ་རིམ་པས་ཐོན་ཡོད། དེའི་ནང་ནས་ཀྱང་རྒྱ་ནག་གཞུང་གི་མགྲིན་ཚབ་ལ་བརྩི་བའི་༼གོ་ལའི་དུས་བབ་༽ཀྱི་རྩོམ་སྒྲིག་པ་ཟུར་བ་དང་གསར་ཁང་དེའི་དཔྱད་བརྗོད་པ་ཧུ་ཤི་ཅིིན་གྱིས་གལ་ཏེ་པེ་ལོ་སི་ཐེ་ཝན་དུ་ཕེབས་ཚེ་རྒྱ་ནག་གིས་མོའི་གནམ་གྲུ་གཏོར་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད། ད་དུང་རྒྱ་ནག་གི་དྲ་ཚིགས་ཁག་ཏུ་ཨ་མེ་རི་ཀར་དེ་འདྲའི་སྙིང་སྟོབས་མེད་པ་དང་རྒྱ་ནག་ནི་འཛམ་གླིང་ནང་གི་དམག་དོན་སྟོབས་ཤུགས་ཆེ་ཤོས་སུ་འགྱུར་བཞིན་ཡོད་པས་ཨ་རི་དེ་རྒྱ་ནག་ལ་ཞེད་སྣང་བྱེད་བཞིན་ཡོད་པ་སོགས་ཀྱི་དྲ་ལམ་སྟོང་གཏམ་ས་ཡ་མང་པོ་སྤེལ་མཁན་བྱུང་ཡང་། མཐར་ཚེས་༢་ཉིན་གྱི་མཚན་གུང་སྔོན་ཙམ་ལ་ལྕམ་ཕེ་ལོ་སི་ཐེ་ཝན་གྱི་ས་ཐོག་ཏུ་འབྱོར་བ་ནི་རྒྱ་ནག་ངོ་གནོངས་པར་བཟོས་པ་དང་རྒྱ་ནག་མི་མང་ས་ཡ་མང་པོ་རྒྱ་ནག་གཞུང་ལ་འཁང་ར་ཤོར་ཡོད་པས་དེ་མ་ཐག་ཆུ་ཚོད་ཕྱེད་ཀ་ཙམ་ལ་རྒྱ་ནག་གི་ཝི་པོ་དྲ་ཚིགས་དེ་རྒྱུན་ལྡན་ལྟར་བེད་སྤྱོད་བྱེད་མི་ཐུབ་པར་གྱུར་ཡོད་འདུག རྒྱ་ནག་གིས་མ་འོངས་ཉིན་ཤས་རིང་ལ་ཐེ་ཝན་ཉེ་འཁྲིས་ཀྱི་མཚོ་འགྲམ་དུ་དམག་སྦྱོང་བྱེད་རྒྱུ་བསྒྲགས་ཡོད་པ་དང་ཡང་མཚན་གུང་ལ་རྒྱ་ནག་ཕྱི་སྲིད་བློན་ཆེན་གཞོན་པ་ཨ་རིའི་གཞུང་ཚབ་ཆེན་མོ་དང་མཇལ་འཕྲད་གནང་ཏེ་ལྕམ་ཕེ་ལོ་སི་ཡི་གཟིགས་སྐོར་ལ་རྒྱ་ནག་གི་ཕྱོགས་ནས་ངོ་རྒོལ་ཡོད་པར་བརྗོད་ཡོད་ཚུལ་གྱི་གནས་ཚུལ་སྤེལ་སོང་།

གང་ལྟར་མཐར་ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་པེ་ལོ་སི་ཡིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེ་རྒྱ་ནག་གི་ཁ་ཤོམས་ལ་མ་བརྟེན་པར་ཐེ་ཝན་དུ་འབྱོར་བ་དེར། ཨ་མེ་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༢༥་ལྷག་གིས་མཚན་རྟགས་བཀོད་པའི་རྒྱབ་སྐྱོར་བསྒྲགས་གཏམ་ཞིག་སྤེལ་ཏེ་ལྕམ་ཕེ་ལོ་སི་ཡི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་པ་བསྟན་ཡོད། འདི་ནི་ཨ་མེ་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་ལ་རྒྱལ་ནང་གི་ཆབ་སྲིད་གནད་དོན་ཐད་ལྟ་བ་མི་འདྲ་བ་ཅི་ཙམ་ཡོད་ཀྱང་། རྒྱ་ནག་དང་ཐེ་ཝན་གྱི་གནད་དོན་ཐད་ནས་ཕྱི་འབྲེལ་སྲིད་ཇུས་ཐད་ལ་ནུས་པ་མཉམ་སྤུངས་དང་མདུང་རྩེ་གཅིག་ལ་གཏོད་པའི་ཨ་རིའི་སྲོལ་རྒྱུན་གྱི་ཕྱི་འབྲེལ་ཆབ་སྲིད་བརྟན་པོའི་ངང་ཚུལ་དེ་མངོན་ཡོད་པ་རེད།

ཚེས་༣་ཉིན་ལ་ཐེ་ཝན་སྲིད་འཛིན་ལྕམ་ཚེ་དབྱིན་ཝེན་ལ་མཇལ་འཕྲད་གནང་རྒྱུ་མ་ཟད་། ཧོང་ཀོང་དཔེ་དེབ་དཔར་བསྐྲུན་ཁང་གི་བདག་པོ་རྒྱ་ནག་ནང་འཛིན་བཟུང་གིས་ལོ་ལྔ་ལ་བཙོན་འཇུག་བྱས་མྱོང་བ་ལི་རོན་ཅི་དང་། སྤྱི་ལོ་༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་ངོ་རྒོལ་སྐབས་སུ་སློབ་ཕྲུག་གི་སྣེ་ཁྲིད་མཁན་དང་ཡུ་གུར་བ་ཡིན་པ་ཝུ་ཨར་ཁེ་ཤི་སོགས་ལ་མཇལ་འཕྲད་གནང་རྩིས་ཡོད་པ་རེད། དེ་བཞིན་ད་དུང་བརྙན་འཕྲིན་རྒྱུད་དེ་ཐེ་ཝན་མི་མང་ལ་རྒྱལ་ཡོངས་གཏམ་བཤད་གནང་རྒྱུ་ཡིན་པ་རེད།

ལྕམ་པེ་ལོ་སི་ནི་འདས་པའི་ལོ་ངོ་བཅུ་ཕྲག་མང་པོར་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ། ལྷག་པར་དུ་སྤྱི་ལོ་༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་སྒེར་ལངས་བྱས་སྐབས་རྒྱ་ནག་གིས་བོད་མི་ཚོར་དྲག་གནོན་བྱུང་བ་ལ་གདུང་སེམས་མཉམ་སྐྱེད་ཕྱིར་ལྕམ་པེ་ལོ་སི་ཡིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་པ་ཞིག་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་བོད་མི་ཚོར་རྒྱབ་སྐྱོར་བྱས་ཡོད་ལ། སྐབས་དེར་ཡང་རྒྱ་ནག་གིས་སྡུག་ར་སྣ་ཚོགས་སྐུལ་མྱོང་བ་རེད།

XS
SM
MD
LG