ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

གློ་དང་སྙེ་ཤང་དུ་གློག་བརྙན་འཁྲབ་ན་ཁྲལ་ཆག་གསལ་བསྒྲགས།


གློ་སྨོན་ཐང་། NEPAL-CHINA-INDIA-TIBET-TRADE
གློ་སྨོན་ཐང་། NEPAL-CHINA-INDIA-TIBET-TRADE

༄༅།། བལ་ཡུལ་གཞུང་གིས་ཕྱི་རྒྱལ་གྱི་གློག་བརྙན་བཟོ་སྐྲུན་ལས་ཁང་ཁག་གིས་གློ་བོའི་ཡུལ་དང་སྙེ་ཤང་དུ་གློག་བརྙན་འཁྲབ་ན་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུའི་གསལ་བསྒྲགས་སྤེལ་འདུག ཕྱི་ཟླ་༧་པའི་ཚེས་༢༤་ཉིན་རི་ཕབ་ལི་ཁ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གཞུང་གིས་༢༠༢༣་ནས་༢༠༣༣་བར་དུ་ལོ་བཅུའི་རིང་ཕྱི་རྒྱལ་གྱི་གློག་བརྙན་བཟོ་སྐྲུན་ལས་ཁང་ཁག་གློ་བོའི་ཡུལ་དང་སྙེ་ཤང་སོགས་སུ་གློག་བརྙན་འཁྲབ་ཏུ་ཡོང་ཚེ། ཕྱི་རྒྱལ་གྱི་གློག་བརྙན་བཟོ་སྐྲུན་ལས་ཁང་དེ་དག་གིས་བལ་ཡུལ་གཞུང་ལ་དཔྱ་ཁྲལ་དང་གླ་ཡོན་སྤྲོད་དགོས་པ་དེར་ཆག་ཡང་གཏོང་ཆོག ༢༠༢༣་ནས་༢༠༣༣་བར་དུ་ལོ་བཅུའི་རིང་བལ་ཡུལ་ལ་ལྟ་སྐོར་ཞེས་པའི་དུས་སྟོན་ཞིག་ཚུགས་འཆར་ཡོད། བལ་ཡུལ་གྱི་རིག་གཞུང་དང་ཡུལ་སྐོར། མཁའ་ལམ་ལས་ཁུངས་བཅས་ལ་ཕྱི་རྒྱལ་གྱི་འགྲུལ་པ་ནང་འགུགས་དང་ཕྱི་རྒྱལ་གྱི་དངུལ་ལོར་འདུ་འགོད་བྱེད་པའི་ལས་དོན་བསྒྲུབ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་མངགས་བཀོད་བྱས་ཡོད། དེང་སྐབས་བལ་ཡུལ་ལ་ཕྱི་རྒྱལ་གྱི་དངུལ་ལོར་མེད་པའི་དཀའ་ངལ་ཆེ་བ་སེལ་ཐབས་སུ་བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་འཁྲབ་ཡུལ་ཞིག་ཏུ་བསྒྱུར་དགོས་ཞེས་ཡུལ་སྐོར་བློན་ཆེན་ཇཱི་ཝན་རམ་ས་རེ་སི་ཐས་འཆར་གཞི་དེ་གསལ་བསྒྲགས་སྤེལ།།

གློ་སྨོན་ཐང་གི་དགོན་པ་ཞིག་གི་ལྡེབ་རིས། NEPAL-TIBET-RELIGION-BUDDHISM
གློ་སྨོན་ཐང་གི་དགོན་པ་ཞིག་གི་ལྡེབ་རིས། NEPAL-TIBET-RELIGION-BUDDHISM

བལ་ཡུལ་གྱི་ས་གནས་ཤིག་ཏུ་གློག་བརྙན་ཚན་པ་རེ་འཁྲབ་ཀྱང་གླ་ཡོན་ཧིན་སྒོར་༡༥༠༠༠་ནས་ཨ་སྒོར་༡༥༠༠་རེ་དཔྱ་ཁྲལ་བསྡུ་སྲོལ་ཡོད་ཅིང་། ལྷོ་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱ་གར་དང་འབྲུག་ཡུལ། པ་ཀི་སི་ཐན་དང་བངྒ་ལ། སིངྒ་ལ་དང་མལ་ཌིབ་བཅས་ཀྱི་གློག་བརྙན་བཟོ་སྐྲུན་ལས་ཁང་ཁག་གིས་བལ་ཡུལ་གྱི་རྒྱལ་ཡོངས་སྤྱི་གླིང་ཞིག་ཏུ་གློག་བརྙན་འཁྲབ་ན་ཨ་སྒོར་༡༥༠༠་རེ་སྤྲོད་དགོས་ཤིང་། གློ་བོའི་ཡུལ་དང་སྙེ་ཤང་སོགས་སུ་གློག་བརྙན་འཁྲབ་ན་བལ་ཡུལ་གཞུང་གིས་ཨ་སྒོར་༥༠༠༠་རེ་དཔྱ་ཁྲལ་བསྡུ་བཞིན་ཡོད་པར་མ་ཟད། ད་དུང་ས་གནས་ཀྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་ས་གནས་སྲིད་གཞུང་ཁག་གིས་ཀྱང་དཔྱ་ཁྲལ་ལོགས་སུ་བསྡུས་ཏེ་དཔལ་འབྱོར་ཡོང་འབབ་བླངས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གློག་བརྙན་བཟོ་སྐྲུན་ལས་ཁང་ཁག་གིས་བལ་ཡུལ་དུ་གློག་བརྙན་མང་པོ་འཁྲབ་ཀྱིན་མེད་པ་དང་ལྷོ་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གི་གློག་བརྙན་བཟོ་སྐྲུན་ལས་ཁང་ཁག་ཅིག་གིས་བལ་ཡུལ་གྱི་དཔྱ་ཁྲལ་དང་ས་གནས་ཀྱི་གླ་ཡོན་སོགས་མཐོ་དྲགས་ཏེ་གློག་བརྙན་མང་པོ་ཞིག་འཁྲབ་ཐུབ་ཀྱིན་མེད་པའི་གནས་ཚུལ་ཐོན་འདུག།

གློ་བོའི་ཡུལ་དང་སྙེ་ཤང་སོགས་སུ་བལ་ཡུལ་གཞུང་གིས་ཕྱི་རྒྱལ་གྱི་གློག་བརྙན་བཟོ་སྐྲུན་ལས་ཁང་ཁག་ལ་གློག་བརྙན་འཁྲབ་ཏུ་བཅུག་སྟེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་མང་ལ་ལས་ཀའི་གོ་སྐབས་གསར་སྐྲུན། ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཡག་ཏུ་གཏོང་གིན་ཡོད་ཀྱང་གློ་བོའི་ཡུལ་དང་སྙེ་ཤང་སོགས་ཀྱི་གནའ་བོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས། སྲོན་རྒྱུན་གྱི་འཚོ་བའི་ལམ་ལུགས་ལ་འགྱུར་བ་ཐེབས་ནས་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཆེ། ད་ལོའི་ཕྱི་ཟླ་༥་པའི་ཚེས་༢༣་ཉིན་ཌིབ་ལོ་མེ་ཊི་གཟའ་འཁོར་གསར་འགྱུར་དུས་དེབ་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་ཀྱི་མཐའ་མཚམས་སུ་ཆགས་པའི་གློ་བོའི་ཡུལ་ནི་དུས་རབས་མང་པོར་ཁལ་མ་དེད་པའི་ཚོང་པ་དང་གནས་སྐོར་བ་སོགས་མ་གཏོགས་རྒྱལ་ཕྲན་དེའི་མངའ་ཁོངས་སུ་འགྲུལ་བཞུད་བྱེད་མཁན་ཤིན་ཏུ་ཉུང་། ལོ་ན་༧༤་ལ་སོན་པའི་གློ་བོའི་ཡུལ་གྱི་ཚོང་པ་འཇམ་དབྱངས་དབང་ཕྱུག་ལ་མཚོན་ན་སྔོན་ཆད་གློ་བོའི་ཡུལ་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་བར་དུ་ཉིན་༢༠་ཐམ་པར་རྐང་ཐང་དུ་བསྐྱོད། ཁོང་གིས་རྟ་དྲེལ་དེད་ནས་སྐྱེས་པ་དང་བུད་མེད་ཀྱི་སྒར་ཤོག་ཅིག་ཁྲིད་དེ་གྲོག་རོང་དང་ནགས་ཚལ། ས་རྡོས་ཁང་པ་བརྩིགས་པའི་གྲོང་གསེབ་ཁག་དང་བལ་ཡུལ་གྱི་རྒྱ་ཐང་། རྒྱ་དཀར་ནག་དང་བོད་སོགས་ལ་ཚྭ་དང་བལ། འབྲུ་རིགས་དང་ཤ་སྐམ། བྲོ་རྫས་ཀྱི་རིགས་དང་རས་ཆ་སོགས་ཁྱེར་ནས་ཚོང་ལ་བསྐྱོད་པ་བརྗེད་ཀྱིན་མེད་པ་རེད།།

ཌིབ་ལོ་མེ་ཊི་གཟའ་འཁོར་གསར་འགྱུར་དུས་དེབ་ཏུ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་ནང་དུ་བལ་ཡུལ་གཞུང་གིས་གློ་བོའི་ཡུལ་དང་སྙེ་ཤང་སོགས་ལ་རྒྱ་ལམ་འཛུགས་སྐྲུན་གྱིས་གློ་སྨོན་ཐང་ནས་བལ་ཡུལ་གྱི་རྒྱལ་སའི་བར་དུ་ཉིན་གཅིག་ལ་སླེབས་ཐུབ་པའི་མཐུན་རྐྱེན་བསྐྲུན། ཉེ་བའི་ལོ་ཤས་ཤིག་ནས་བལ་པོ་འབྱོར་ལྡན་པ་དང་རྒྱ་གར་བ། ནུབ་ཕྱོགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གློ་བོའི་ཡུལ་དང་སྙེ་ཤང་། རྫོང་གསར་སོགས་ནས་བོད་ཀྱི་མཐའ་མཚམས་བར་དུ་འཕྲུལ་རྟ་བཞོན་ཏེ་སྐོར་སྐྱོད་བྱེད་པ་དང་འཁོར་ལོ་བཞིར་འཐེན་ཤུགས་ཡོད་པའི་རླངས་འཁོར་བཏང་ནས་ལྟ་སྐོར་དུ་བསྐྱོད། ཁོ་ཚོ་གློ་བོའི་ཡུལ་གྱི་ཆོས་རིག་གི་དུས་སྟོན་ཁག་ལ་མཉམ་ཞུགས་དང་བོད་བརྒྱུད་ནང་བསྟན་རིག་གཞུང་གི་བྲོ་བཅུད་ཉམས་སུ་མྱོང་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན། ད་ལྟ་གློ་པ་དང་སྙེ་ཤང་པ་སོགས་ཀྱིས་འཛུགས་སྐྲུན་ཡར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་པའམ། ཡང་ན་གློ་བོའི་ཡུལ་དང་སྙེ་ཤང་སོགས་ཀྱི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་སྔ་མོའི་སྲོལ་རྒྱུན་གྱི་འཚོ་བའི་ལམ་སྲོལ་རྣམས་གཅེས་འཛིན་བྱེད་དགོས་མིན་གྱི་རྩོད་སྡུར་ཆེན་པོ་ཞིག་བྱེད་དགོས་པར་གྱུར།།

གློ་སྨོན་ཐང་གི་ཟུར་ཞིག NEPAL-CHINA-INDIA-TIBET-TRADE
གློ་སྨོན་ཐང་གི་ཟུར་ཞིག NEPAL-CHINA-INDIA-TIBET-TRADE

གློ་བོའི་ཡུལ་གྱི་མུག་ཏི་ན་ཐ་གྲོང་རྡལ་གྱི་གཙོ་འཛིན་གུ་རོང་དྷ་ར་ཞེས་པ་ཞིག་གིས་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། ཤར་པ་ཚོས་གངས་རི་འཛེག་མཁན་ཚོར་ལམ་ཁྲིད་ནས་ཡོང་འབབ་འཐོབ་བཞིན་པ་ལྟར་ང་ཚོར་ཡང་ཡུལ་སྐོར་སྤྲོ་འཆམ་གྱི་དཔལ་འབྱོར་ཡོང་འབབ་འཐོབ་ཀྱིན་ཡོད། ས་གནས་མི་མང་ལ་མ་བྱན་གྱི་ལས་ཀ་དང་ཇ་ཁང་གཉེར་འཛིན། ཚོང་ཁང་དང་མགྲོན་ཁང་གཉེར་འཛིན་བྱས་ནས་ཕན་ཐོགས་ཡོང་གིན་འདུག རྒྱ་ལམ་འཛུགས་སྐྲུན་གྱིས་འགྲིམ་འགྲུལ་སྟབས་བདེ་དང་འཕྲོད་བསྟེན་ལྟ་སྐྱོང་གི་ཆ་རྐྱེན་ཇེ་ལེགས། ལོ་བཅུ་ཕྲག་གཅིག་གི་གོང་དེར་འགྲིམ་འགྲུལ་སྟབས་བདེ་འདི་འདྲ་ནི་བློ་ཡུལ་དུ་ཤོང་དཀའ། ང་ཚོ་སྨན་ཁང་ལ་འགྲོ་དགོས་ན་ཉི་མ་མང་པོ་རྐང་ཐང་དུ་བསྐྱོད་དགོས། ནད་པ་མང་དག་ཅིག་ལམ་ཐོག་ཏུ་གྲོངས་པ་དང་ངའི་སྲུ་མོར་ཕྲུ་གུ་བདེ་བླག་ཏུ་སྐྱེས་མ་ཐུབ་པར་ཕྲུ་གུ་ཤི་བ་རེད། གལ་སྲིད་ད་ལྟའི་རྒྱ་ལམ་འདི་འཛུགས་སྐྲུན་བྱས་ཟིན་ཡོད་ན་ངའི་སྲུང་མོའི་ཕྲུ་གུ་དེ་གྲོངས་ཡོད་རྒྱུ་མ་རེད་ཅེས་འཛུགས་སྐྲུན་ལ་བསྔགས་བརྗོད་ཞུས།།

བལ་བོད་ས་མཚམས་ཀྱི་གྲོང་སྡེ་ཞིག DOUNIAMAG-NEPAL-CHINA-INDIA-TIBET-TRADE
བལ་བོད་ས་མཚམས་ཀྱི་གྲོང་སྡེ་ཞིག DOUNIAMAG-NEPAL-CHINA-INDIA-TIBET-TRADE

གློ་སྨོན་ཐང་གི་དགོན་པ་ཞིག་གི་བླ་མ་འཆི་མེད་རིག་འཛིན་ཞེས་པ་ཞིག་གིས་གློ་བོའི་ཡུལ་དུ་དེང་རབས་ཀྱི་འཛུགས་སྐྲུན་འཕེལ་རྒྱས་མགྱོགས་དྲགས་ཏེ་དགོན་པའི་བསླབ་པ་སློབ་གཉེར་ལ་བར་ཆད་འབྱུང་གིན་འདུག རྒྱ་ལམ་འཛུགས་སྐྲུན་བྱས་པའི་རྗེས་སུ་མི་རྣམས་གྲོང་ཁྱེར་ཁག་ལ་ལས་ཀ་འཚོལ་དུ་འགྲོ་བ་དང་ཕྱི་རྒྱལ་ལ་སློབ་སྦྱོང་དུ་ཕྱིན་ནས་དགོན་པར་ཆོས་ཞུགས་བྱེད་མཁན་ཇེ་དཀོན་རེད། མི་མང་གི་ཟས་གོས་དང་ཆོས་དད་བཅས་ལ་འགྱུར་བ་ཐེབས་ནས་སྲོལ་རྒྱུན་གྱི་རིག་གཞུང་རྣམས་ཉམས་ཀྱིན་འདུག ཡུལ་སྐོར་སྤྲོ་འཆམ་གྱིས་གློ་བོའི་ཡུལ་དུ་ཕྱི་མི་མང་དག་ཅིག་བསྡུ་སྐོང་ཐུབ་ཀྱང་དེ་དག་ལ་ས་གནས་ཀྱི་རིག་གཞུང་དང་སྲོལ་རྒྱུན་གྱི་འཚོ་བའི་གོམས་སྲོལ་རྣམས་གཅེས་འཛིན་བྱ་རྒྱུའི་འདོད་པ་མི་འདུག་ཅེས་གསར་འགོད་པར་དཀའ་ངལ་རྣམས་བགྲངས། ཨ་མི་རི་ཀའི་ཧི་མ་ལ་ཡའི་ཐེབས་རྩ་ཁང་གི་ལས་འཆར་འགན་འཛིན་བྷུ་རུ་སི་མུར་གྱིས་ཀྱང་གློ་བོའི་ཡུལ་དུ་ལྟ་སྐོར་ལ་སྐྱོད་མཁན་ཚོས་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་དང་རིག་གཞུང་གི་བྲོ་བཅུད་ཅིག་ཉམས་སུ་མྱོང་གིན་ཡོད་པ་རེད། གལ་སྲིད་གློ་བོའི་ཡུལ་གྱི་རིག་གཞུང་དང་སྲོལ་རྒྱུན་རྣམས་ཉམས་ན་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བལྟ་ས་ཅི་ཡང་མེད་པར་འགྱུར་རྒྱུ་རེད་ཅེས་བློ་འཚབ་ཀྱི་ལྟ་ཚུལ་ཞིག་བརྗོད་འདུག

XS
SM
MD
LG