ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་ཛ་དྲག་ལ་གཞིགས་ནས་ཨ་རིའི་དམག་མི་ཕཱོ་ལན་ཌིར་འབྱོར་བ། 


སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན།
སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན།

༄༅།། དེང་སྐབས་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཡོད་པའི་སྐབས་འདིར་གཟའ་ཉི་མའི་ཉིན་སྲིད་འཛིན་ཇཱོ་བྷ་ཌན་གྱི་བཀའ་ལྟར་ཨ་མི་རི་ཀའི་དམག་མི་༡༧༠༠་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཕཱོ་ལན་ཌིར་འབྱོར། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མཁའ་དཔུང་སྐམ་དམག་གི་དཔུང་སྡེ་༨༢་པའི་བཀོད་འདོམས་པ་དམག་སྤྱི་གཞོན་པ་ཁེ་རེ་སི་ཊོ་ཧྥར་ཌོ་ན་ཧིའུ་ནི་སྔ་ལོའི་ཕྱི་ཟླ་༨་པའི་ཚེས་༣༠་ཉིན་ཨབ་གྷ་ཎི་སི་ཐན་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱས་པའི་དུས་སུ་རང་ཡུལ་དུ་ཕྱིར་ལོག་བྱེད་མཁན་ཨ་རིའི་དམག་མི་ཆེས་མཇུག་ཤོས་དེ་ཡིན་ཞིང་། སྲིད་འཛིན་བྷ་ཌན་གྱིས་ཕཱོ་ལན་ཌི་དང་རོ་མེ་ཎི་ཡ། འཇར་མན་ཎི་བཅས་སུ་ཚུགས་ཡོད་པའི་ཨ་རིའི་དམག་སྒར་ཁག་ལ་དམག་དཔུང་ཁ་སྣོན་བཏང་སྟེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་རྒྱབ་སྐྱོར། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་སློང་སྲིད་པའི་ཉེན་ཁ་འགོག་ཐབས། ཕཱོ་ལན་ཌི་དང་རོ་མེ་ཎི་ཡ་གཉིས་ནི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ཡིན་པ་དང་རྒྱལ་ཁབ་དེ་དག་ཨུ་རུ་སུ་དང་ས་འདྲེས་སུ་ཆགས། ཨ་རིའི་གནམ་མཆོང་དམག་དཔུང་རྣམས་ཆུ་ཚོད་༡༨་ཀྱི་ནང་ཚུད་དུ་དམག་སར་ཁག་ལ་བཀྲམ་སྟེ་གནད་འགག་ཅན་གྱི་བཙན་ས་རྣམས་འཛིན་ཐུབ། ཁོ་ཚོ་ཨ་རིའི་བྱང་ཁེ་རོ་ལེ་ན་མངའ་སྡེའི་ཧྥོར་ཊི་བྷ་རཱེག་དམག་སྒར་ནས་བཏང་བ་དང་དམག་སྒར་དེ་༡༩༡༧་ལོར་ཚུགས། བདུན་ཕྲག་སྔོན་མར་ཨ་མི་རི་ཀའི་གནམ་གྲུ་ཁག་གིས་ཕཱོ་ལན་ཌི་ནས་ཨུ་རུ་སུའི་ས་མཚམས་བར་དུ་སྤྱི་ལེ་༩༠་ཐམ་པ་ལས་མེད་པའི་མཚམས་སུ་མཚོན་ཆ་སྐྱེལ་འདྲེན་དང་རྒྱབ་གནོན་དམག་དཔུང་བཏང་སྟེ་ཨ་རིའི་མཁའ་དཔུང་འབྱོར་རྒྱུ་དེར་གྲ་སྒྲིག་གི་སྔོན་འགྲོའི་ལས་དོན་བསྒྲུབས། ༢༠༡༧་ནས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཕཱོ་ལན་ཌིའི་ས་ཐོག་ཏུ་ཨ་རིའི་དམག་མི་༤༠༠༠་ཡས་མས་ཤིག་བཀྲམ།།

སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་ནི་དུས་ཚོད་ངེས་མེད་ལ་འབྱུང་ཉེན་ཆེ། འཐབ་འཁྲུག་ལངས་ན་འགྲོ་བ་མིའི་ཚེ་སྲོག་དཔག་ཏུ་མེད་པ་ཞིག་ལ་གནོད་འཚེ་འཕོག་རྒྱུ་ལྡོག་ཐབས་བྲལ། ང་ཚོས་དེ་ལྟའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་ཀྱང་བྱེད་བཞིན་ཡོད། དེར་བརྟེན་ཨུ་རུ་སུ་ལའང་འཐབ་ཇུས་ཀྱི་གྲུབ་འབྲས་ཚབས་ཆེན་ཞིག་འབྱུང་ངེས་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། མཉམ་འབྲེལ་གསར་ཁང་གིས་ཕྱི་ཟླ་༢་པའི་ཚེས་༦་ཉིན་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་གྱི་གཏམ་བཤད་སྔོན་དེར་ཨ་རིའི་གཞུང་འབྲེལ་མི་སྣ་གཞན་ཚོས་ཕྱི་ཟླ་༢་པའི་ཟླ་དཀྱིལ་དུ་ཉུང་མཐར་ཡང་ཨུ་སུ་སུའི་དམག་གི་འཐབ་འཁྲུག་གི་ནུས་པ་བརྒྱ་ཆ་༧༠་ཐམ་པ་ཡུཀ་རེན་གྱི་ས་མཚམས་སུ་འདུ་ཐུབ་རྒྱུའི་རྟགས་མཚན་འདུག དེ་ནས་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་ཕྱོགས་ཡོངས་ནས་བཙན་འཛུལ་བྱ་རྒྱུ་ཡིན་མིན་ཐག་གཅོད་བྱ་རྒྱུའི་རྣམ་པ་འདུག་ཅེས་བསྟན། ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་གྲོས་ཚོགས་འཐུས་མི་ཚོར་ཨུ་རུ་སུའི་དམག་གིས་བཙན་འཛུལ་བྱས་ནས་ཡུཀ་རེན་གྱི་རྒྱལ་ས་ཁིབ་མྱུར་དུ་ལེན་ས་རེད། ཡུཀ་རེན་གྱི་རྒྱལ་ས་ལེན་པའི་འཐབ་འཁྲུག་སྐབས་སུ་མི་༥༠༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་འབྱུང་རྒྱུའི་ཉེན་ཀ་ཡོད་པ་སྙན་སེང་ཞུས་པ་ཡིན་ཞེས་གནས་ཚུལ་སྤེལ། འོན་ཀྱང་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སི་ལི་ཝན་གཟའ་ཉི་མར་བརྙན་འཕྲིན་བཅར་འདྲི་ཁག་ཅིག་ལ་ཞུགས་པའི་སྐབས་སུ་གྲོས་ཚོགས་ལ་ནང་དོན་སྙན་སེང་ཞིབ་ཕྲ་ཅི་ཞིག་ཞུས་པ་གསལ་བཀྲོལ་མ་བྱུང་། ཉེ་དུས་ཤིག་ནས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་གིས་ཨུ་རུ་སུས་སླར་ཡང་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ས་ཆ་བཙན་འཕྲོག་བྱ་རྒྱུའི་ཉེན་ཁ་འདུག་ཅེས་ཉེན་བརྡ་གཏོང་རྒྱུ་ཤུགས་ཆེ་རུ་སོང་།།

ཡུཀ་རེན་གྱི་ཉེ་འཁྲིས་སུ་བཀོད་སྒྲིག་བྱས་པའི་ཨུ་རུ་སུའི་དཔུང་དམག ༢།༡།༢༢
ཡུཀ་རེན་གྱི་ཉེ་འཁྲིས་སུ་བཀོད་སྒྲིག་བྱས་པའི་ཨུ་རུ་སུའི་དཔུང་དམག ༢།༡།༢༢

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་དམག་དོན་ཉམས་ཞིབ་པ་ཚོས་ཕུ་ཊིན་གྱི་བདུན་ཕྲག་འགའ་ཞིག་གི་ནང་ཚུད་དུ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ཅིག་མགོ་རྩོམ་ས་རེད། བཙན་འཛུལ་དེ་རྒྱ་ཆེ་ཆུང་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ནི་བཤད་དཀའ། ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆའི་དཔུང་སྡེས་ལོ་ལྟར་སྟོན་དུས་དམག་སྦྱོང་བྱེད་ཀྱི་ཡོད་ཀྱང་ད་ལོ་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆའི་དཔུང་སྡེས་ཕྱི་ཟླ་༢་པ་དང་༣་ནང་དུ་དམག་སྦྱོང་བྱེད་ཀྱི་འདུག འདི་ནི་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཆ་ཤས་སུ་དམིགས་པ་ཡིན་ཤས་ཆེ། འོན་ཀྱང་ད་དུང་ཡང་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལང་སྲིད་པ་ཕྱི་འབྲེལ་ཐབས་ཇུས་བརྒྱུད་ནས་འགོག་ཐབས་གཏན་ནས་མེད་པ་ཞིག་ལ་གྱུར་མེད་ཅེས་ཞི་བའི་གྲོས་མོལ་ལ་རེ་ཐག་མ་ཆད། བདུན་ཕྲག་སྔོན་མར་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཨུ་རུ་སུའི་དཔུང་སྡེ་ཞིག་གིས་དམག་འཁྲུག་བསླངས། དམག་འཁྲུག་དེ་ཡུཀ་རེན་གྱིས་བསླངས་པ་རེད་ཅེས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བ་རྣམས་བརྙན་འཕྲིན་ནང་དུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྟོན་རྒྱུ། དེ་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་རྒོལ་ལན་སློག་གི་ཡོད་ཅེས་བཙན་འཛུལ་བྱ་རྒྱུ་ཁྲིམས་མཐུན་ཞིག་ལ་བསྒྱུར་རྒྱུའི་ངན་ཇུས་གཤོམ་གྱི་འདུག་ཅེས་གསལ་བསྒྲགས་སྤེལ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ཨུ་རུ་སུའི་གཞུང་གིས་མི་གསོད་ཁྲག་སྦྱོར་བྱུང་བ་དང་མི་མང་གིས་ངུ་སྐད་སྒྲོགས་ནས་མྱ་ངན་བྱེད་རྣམས་ཡུཀ་རེན་གྱི་བྱས་ཉེས་རེད་ཅེས་བརྙན་འཕྲིན་འཁྲབ་སྟོན་བྱེད་དུ་བཅུག་ནས་ཡུཀ་རེན་ལ་བཙན་འཛུལ་བྱ་འཆར་འདུག་ཅེས་གསལ་བསྒྲགས་སྤེལ།།

སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པས་ང་ཚོས་ཨུ་རུ་སུའི་གཞུང་གིས་ཛ་དྲག་ཞི་འཇམ་བཏང་ནས་ཕྱི་འབྲེལ་ཐབས་ཇུས་ལ་འགལ་ཟླ་སེལ་དུ་འཇུག་རྒྱུའི་རེ་བ་འཆང་ཡོད། ཨ་མི་རི་ཀར་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད། དེས་ན་ང་ཚོས་སླར་ཡང་ཤར་ཡུ་རོབ་ལ་དམག་དཔུང་ཁ་སྣོན་བཏང་ནས་ལས་འགན་སྒྲུབ་ཀྱི་ཡོད་ཅེས་བཀྲལ། ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་མེཀ་ཀོལ་གསང་བའི་སྙན་སྒྲོན་ཚོགས་འདུ་དེར་ཞུགས། ཁོང་ལ་གསར་འགོད་པ་ཚོས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་རྟགས་མཚན་འདུག་གམ་ཞེས་དྲིས། གྲོས་ཚོགས་འཐུས་མི་མེཀ་ཀོལ་གྱིས་ངས་བསམས་པ་ལས་ཀྱང་བཙན་འཛུལ་བྱ་རྒྱུའི་རྒྱུ་དང་རྐྱེན་རྣམས་འདུས་ཡོད་པ་ཤེས་རྟོགས་བྱུང་སོང་། ང་ཚོས་དེ་ལ་གྲ་སྒྲིག་བྱེད་ན་ཡག་ས་རེད། ད་ནི་དངངས་འཚབ་ཆེ་བའི་དུས་སྐབས་ཤིག་ཡིན་པ་དང་ཡུཀ་རེན་གྱི་ཉེ་འཁོར་རྒྱལ་ཁབ་ཁག་ལའང་ཉེན་ཁ་འཕྲད་ས་རེད་ཅེས་བཤད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་རྒྱུན་བཞུགས་སྐུ་ཚབ་ཀྱིས་ང་ཚོས་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་འགལ་ཟླ་སེལ་ཐབས་ཤིག་འཚོལ་གྱི་ཡོད། ཡིན་ནའང་ཨུ་རུ་སུས་དམག་གིས་འཐབ་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པས་ང་ཚོས་ཀྱང་བདེ་འཇགས་ཀྱི་གནད་དོན་ཁག་ལ་གྲོས་སྡུར་བྱེད་བཞིན་ཡོད་ཅེས་བསྒྲགས། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་ཇཱོན་བྷ་ར་སོས་གསར་འགོད་པ་ཚོར་ཕུ་ཊིན་ལ་ཨུ་རུ་སུ་དམར་ཤོག་གི་བཙན་རྒྱལ་སླར་གསོ་བྱ་རྒྱུ་དང་ཟ་ཐུབ་ན་ཡུཀ་རེན་ཁྱུར་མིད་གཏོང་རྒྱུའི་ཀུན་སློང་ཡོད་པ་རེད། ངའི་སེམས་ཁྲལ་ནི་རྒྱ་ནག་གིས་གོ་སྐབས་བཟུང་ནས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་དང་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་རེད་ཅེས་བཤད།།

སྲིད་འཛིན་མེཀ་རོན་དེ་རིང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་ཕེབས་ནས་སྲིད་འཛིན་ཕུ་ཊིན་ལ་ཐུག་འཕྲད་གནང་རྒྱུ།
སྲིད་འཛིན་མེཀ་རོན་དེ་རིང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་ཕེབས་ནས་སྲིད་འཛིན་ཕུ་ཊིན་ལ་ཐུག་འཕྲད་གནང་རྒྱུ།

དེ་རིང་ཕྱི་ཟླ་༢་པའི་ཚེས་༧་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་མེཀ་རོན་དེ་རིང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་ཕེབས་ནས་སྲིད་འཛིན་ཕུ་ཊིན་ལ་ཐུག་འཕྲད་དང་དམག་འཁྲུག་གི་ཉེན་ཁ་ཟློག་ཐབས་ཀྱི་གྲོས་མོལ་བྱ་འཆར་ཡོད་ཅིང་། ཨུ་རུ་སུའི་དམག་མི་འབུམ་༡་དང་ཁྲི་ཚོ་༡་ནས་དམག་མི་འབུམ་༡་དང་ཕྱེད་ཀ་ཡས་མས་ཤིག་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་ཡོད་པའི་སྐབས་འདིར་ཧྥ་རན་སིའི་སྲིད་འཛིན་ནི་ཕུ་ཊིན་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཐོག་མ་དེར་གྱུར། སྲིད་འཛིན་མེཀ་རོན་གྱིས་ཕུ་ཊིན་ལ་ཐུག་འཕྲད་བྱས་པའི་རྗེས་སུ་ཡུཀ་རེན་ལ་ཕེབས་ནས་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་བྱ་རྒྱུ། ཁོང་གིས་ང་ཚོས་ཛ་དྲག་ཞི་འཇམ་གཏོང་ཐབས་སུ་གྲོས་མོལ་བྱ་རྒྱུ་ཡིན། ཨུ་རུ་སུའི་དམིགས་ཡུལ་ནི་ཡུཀ་རེན་མ་རེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་དང་ཡུ་རོབ་མཉམ་འབྲེལ་ལ་གྲོས་མོལ་བྱས་ནས་བདེ་འཇགས་ཀྱི་གྲོས་མཐུན་གསར་པ་ཞིག་འཇོག་ཐབས་རེད། ཡུཀ་རེན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་དང་བདེ་འཇགས་སམ། ཡང་ན་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རྒྱལ་ཁབ་དེའི་མངའ་ཁོངས་དང་བདེ་འཇགས་གཉིས་བློས་གཏོང་ཐབས་མེད་ཅེས་བཤད་པར་མ་ཟད། དེ་རིང་གཟའ་ཟླ་བའི་ཉིན་འཇར་མན་ཎིའི་སྲིད་བློན་གསར་པ་ཨོ་ལཱོབ་ཤོལ་ཛི་ཝ་ཤིང་ཊོན་ལ་ཕེབས་ནས་ཕོ་བྲང་དཀར་པོར་སྲིད་འཛིན་བྷ་ཌན་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ། ད་ལྟའི་དམག་འཁྲུག་གི་ཛ་དྲག་ནི་གྲང་དམག་མཇུལ་བསྒྲིལ་བའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཁ་གཏད་གཅོག་དགོས་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཨུ་རུ་སུའི་གཞུང་གིས་ང་ཚོས་རང་གི་ས་ཐོག་ཏུ་དམག་སྦྱོང་བྱེད་ཀྱི་ཡོད། ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་འཆར་གཞི་མེད་ཅེས་འགྲེལ་བཤད་བརྒྱབ་ཀྱང་དམག་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་ཡོད་པ་ནི་བསྙོན་དུ་མེད་པ་ཞིག་ལ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG