ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་དམག་དཔུང་ལ་བློ་འཚབ། 


ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག
ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག

༄༅།། ཕྱི་ཟླ་༢་པའི་ཚེས་༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་བྱང་ཕྱོགས་སུ་ཆགས་པའི་བྷེ་ལོ་རུ་སུའི་ས་ཐོག་ཏུ་འགྲེམ་འཇོག་བྱ་རྒྱུ་མང་དུ་གཏོང་གི་ཡོད་པར་བློ་འཚབ་ཆེན་པོ་ཡོད། འདས་པའི་ཉི་མ་༣༠་ཐམ་པའི་ནང་དུ་བྷེ་ལོ་རུ་སུའི་ས་ཐོག་ཏུ་ཨུ་རུ་སུའི་དམག་དཔུང་དང་མཚོན་སྐྱེལ་འགྲེམ་འཇོག་བྱ་རྒྱུ་ཇེ་མང་དུ་ཕྱིན་འདུག ཉེ་དུས་ཤིག་ནས་བྷེ་ལོ་རུ་སུའི་ས་ཐོག་ཏུ་ཨུ་རུ་སུའི་དམག་གིས་སྦྱོང་བརྡར་དང་འཐབ་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་ཡོད་པ་མཐོང་ཐོས་འབྱུང་རྒྱུ་ཇེ་མང་དུ་ཕྱིན་སོང་། ད་ལྟའི་དམག་དཔུང་འགྲེམ་འཇོག་འདི་འདྲ་ཞིག་གྲང་དམག་མཇུག་བསྒྲིལ་བའི་རྗེས་སུ་ཨུ་རུ་སུའི་གཞུང་གིས་བཀྲམ་མྱོང་མེད་ཅིང་། བྷེ་ལོ་རུ་སུའི་ས་ཐོག་ཏུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་དཔུང་ཁྲི་༣་ལྷག་བརྒལ་གྱི་འདུག ཨུ་རུ་སུའི་དམག་དཔུང་ལ་དམིགས་བསལ་གྱི་དམག་སྦྱོང་ཐོབ་པའི་དཔུང་སྡེ་དང་དམག་འཐབ་གནམ་གྲུ། ཐུང་སྙོབ་འཕུར་མདེལ་དང་ས་ཐོག་ནས་བར་སྣང་དུ་འཕེན་རྒྱུའི་འབེན་ཕོག་འགོག་སྲུང་འཕུར་མདེལ་s-400་རྟགས་ཅན་རྣམས་བཙུགས་འདུག དེང་རབས་ཀྱི་མཚོན་ཆ་མང་དག་ཅིག་འགྲེམ་འཇོག་བྱས་པ་དང་ཟླ་བ་འདིར་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆའི་དཔུང་སྡེའི་དམག་སྦྱོང་བྱ་འཆར་ཡོད་པ་རྣམས་ཉེན་ཁ་ཆེན་པོ་རེད། ཨུ་རུ་སུའི་འགོ་ཁྲིད་ཚོས་གང་ཅིའི་ཐད་དུ་ཛ་དྲག་ཞི་འཇམ་གཏོང་དགོས། ཡུཀ་རེན་ལ་བཙན་འཛུལ་བྱེད་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་དང་ཆབ་སྲིད། དམག་དོན་སོགས་ཕྱོགས་ཡོངས་ནས་ལན་པ་སློག་སྟེ་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་སྲིད་ཅེས་ཉེན་བརྡ་བཏང་འདུག

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་སྒྲིག་འཛུགས་དེའི་ཚོགས་འཐུས་རྒྱལ་ཁབ་ཅིག་མིན་པས་ཡུཀ་རེན་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་གཏོང་འཆར་མེད། འོན་ཀྱང་ཨུ་རུ་སུའི་མཐའ་མཚམས་སུ་ཆགས་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཨེ་སི་ཊོ་ཎོ་ཡ་དང་ལཱ་ཊི་ཝི་ཡ། ལི་ཐུ་ཝེ་ཎི་ཡ་དང་པོ་ལན་ཌི། དེ་བཞིན་མཚོ་ནག་མངའ་ཁུལ་གྱི་བྷལ་གྷེ་རི་ཡ་དང་རོ་མེ་ཎི་ཡ་བཅས་ཀྱི་ས་ཐོག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་ཁ་སྣོན་གཏོང་རྒྱུ་ཡིན་ཞེས་བསྒྲགས། ད་ལྟ་ཡུཀ་རེན་གྱི་བྱང་ཕྱོགས་དང་ཤར་ཕྱོགས། ལྷོ་ཕྱོགས་བཅས་ཕྱོགས་གསུམ་ལ་ཨུ་རུ་སུའི་དམག་མི་འབུམ་༡་ལྷག་བཀྲམ་ནས་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གིས་དམག་གྲ་བསྒྲིགས། འདི་ནི་༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུ་སླར་ཡང་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ས་ཆ་བཙན་འཕྲོག་བྱ་རྒྱུའི་དཔུང་སྟོབས་ངོམ་གྱི་ཡོད་པ་ཐེངས་གཉིས་པ་ཡིན་མོད། འོན་ཀྱང་ཨུ་རུ་སུའི་གཞུང་གིས་ང་ཚོས་རང་གི་ས་ཐོག་ཏུ་དམག་སྦྱོང་བྱེད་ཀྱི་ཡོད། ཡུཀ་རེན་ལ་བཙན་འཛུལ་བྱ་འཆར་མེད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་མི་རི་ཀ་ནས་དམག་མི་༢༠༠༠་ཐམ་པ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིར་གཏོང་རྒྱུ་དང་འཇར་མན་ཎིའི་ས་ཐོག་ཏུ་ཡོད་པའི་ཨ་རིའི་དམག་སྒར་ནས་དམག་མི་༡༠༠༠་ཐམ་པ་རོ་མེ་ཎི་ཡར་གཏོང་རྒྱུའི་ཐག་བཅད། ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་མཐའ་མཚམས་ཁག་ཏུ་དམག་བཏང་ནས་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག ང་ཚོས་ཆབ་སྲིད་ཀྱི་ཐབས་ལམ་ཞིག་བཙལ་ནས་འགལ་ཟླ་སེལ་ཐབས་བྱེད་ཀྱི་ཡོད་པར་གཏོང་བརླག་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། དེ་རིང་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཕུ་ཊིན་གྱི་མགྲིན་ཚབ་པས་ཨ་མི་རི་ཀས་ཡུ་རོབ་གླིང་གི་ཛ་དྲག་ཆེ་རུ་གཏོང་རྒྱུ་མཚམས་འཇོག་བྱ་དགོས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་ཀྱི་ཡོད་པར་ཨུ་རུ་སུས་བློ་འཚབ་བྱེད་དགོས་པ་ནི་རྒྱུ་མཚན་ལྡན་པ་ཞིག་རེད་ཅེས་བཤད།།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསར་འགོད་དྲུང་ཆེ།
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསར་འགོད་དྲུང་ཆེ།

བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པས་སྲིད་འཛིན་བྷ་ཌན་གྱིས་ཤར་ཡུ་རོབ་ལ་དམག་དཔུང་གཏོང་རྒྱུའི་ཐག་གཅོད་བྱས་པ་ནི་གཏོར་བཤིག་གི་ཐག་གཅོད་ཅིག་རེད། དེ་ནི་དག་སྐྱེལ་བྱེད་མི་ཐུབ་པའི་གོམ་སྟབས་ཤིག་ཡིན་པ་དང་ཡུཀ་རེན་གྱི་འགོ་ཁྲིད་ཚོས་བྷེ་ལོ་སུ་རུ་སུའི་རྒྱལ་ས་མིན་སིཀ་གྲོང་ཁྱེར་དུ་བཞག་པའི་གྲོས་མཐུན་གྱི་འབྲུ་དོན་ཁག་ལ་འགལ་འཛོལ་ལན་མང་བྱས་ཀྱང་ཉེས་ཆད་གཅོད་ཀྱི་མེད་པར་དགའ་པོ་བྱུང་ཞེས་ཟུར་ཟ་བྱས་ནས་གསར་འགོད་གསལ་བསྒྲགས་སྤེལ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཤར་ཡུ་རོབ་ལ་གཏོང་རྒྱུའི་ཨ་རིའི་དམག་དཔུང་རྣམས་ཡུཀ་རེན་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱ་འཆར་མེད། ཨ་མི་རི་ཀར་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད་པ་བསྒྲུབ་རྒྱུ་ཡིན། ཟླ་བ་སྔོན་མར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་དགོས་ངེས་བྱུང་ན་ཨ་མི་རི་ཀའི་དམག་མི་༨༥༠༠་ཡུ་རོབ་ལ་གཏོང་རྒྱུའི་གྲ་སྒྲིག་བྱས་ཤིང་། ཁ་སང་ཨ་རིའི་གཞུང་གིས་འཕྲལ་དུ་པོ་ལན་ཌི་དང་རོ་མེ་ཎི་ཡར་དམག་མི་༣༠༠༠་གཏོང་རྒྱུའི་ཐག་གཅོད་བྱས་པ་དམག་མི་༨༥༠༠་ཐམ་པའི་ཁོངས་སུ་མ་འདུས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ང་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་འཛམ་གླིང་ཡོངས་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཨ་མི་རི་ཀར་གནད་འགག་ཆེན་པོ་ཡིན་པའི་གོ་བརྡ་གསལ་པོ་ཞིག་སྤྲོད་རྒྱུ་ཤིན་ཏུ་གལ་གནད་ཆེ། ང་ཚོས་ད་དུང་ཡང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་སླར་ཡང་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཐག་གཅོད་བྱས་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསར་འགོད་པ་ཚོར་བཤད་འདུག

ཉམས་ཞིབ་པ་ཚོས་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ལི་ཐུ་ཝེ་ཎི་ཡ་དང་ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ་སོགས་ལ་ཨ་མི་རི་ཀའི་དམག་དཔུང་གཏོང་གི་མེད་པ་ནི་ཕྱི་འབྲེལ་གྲོས་མོལ་ལ་འགལ་རྐྱེན་མི་འབྱུང་བའི་ཆེད་དུ་རེད་ཅེས་བསྟན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གཏན་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་མི་ཆོག ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་སོར་གང་རྒྱ་བསྐྱེད་མི་ཆོག ཨུ་རུ་སུའི་མཐའ་མཚམས་ཀྱི་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་བཀྲམ་ཡོད་པ་རྣམས་༡༩༩༧་ལོའི་སྔོན་གྱི་ས་མཚམས་བར་དུ་ཕྱིར་འཐེན་བྱ་དགོས་ཞེས་དགོས་འདུན་བཏོན། ཨ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ནམ་ཡང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་མིན་པའི་ཁས་ལེན་བྱ་ཐབས་བྲལ། རྒྱལ་ཁབ་གཅིག་གིས་རང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ཟླ་གྲོགས་གང་དུ་བཙལ་དགོས་མིན་ནི་རྒྱལ་ཁབ་དེའི་རང་དབང་རེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་བྱ་རྒྱུ་མིན། ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀས་ཡུཀ་རེན་གྱི་ས་ཐོག་ཏུ་གཏན་འཇགས་དམག་སྒར་འཛུགས་རྒྱུ་མིན་པ་དང་འཕུར་མདེལ་འཛུགས་རྒྱུ་མིན་པའི་གྲོས་མོལ་བྱ་དགོས། ཨ་རི་དང་ཨུ་རུ་སུ་གཉིས་ཀས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཉུང་འཕྲི་བྱ་རྒྱུའི་གྲོས་མོལ་བྱ་དགོས། རོ་མེ་ཎི་ཡ་དང་བྷལ་གྷེ་རི་ཡའི་ས་ཐོག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་སྒར་ཚུགས་ཡོད་པ་དེ་དག་གི་ནང་དུ་ཨ་མི་རི་ཀའི་མེ་ཤུགས་འཕུར་མདེལ་བཙུགས་མེད་པ་ཨུ་རུ་སུ་ལ་ཕྱི་གསལ་ནང་གསལ་བྱས་ནས་སྟོན་ཆོག དེ་ལ་ཕྱིར་ལན་གྱི་ཚུལ་དུ་ཤར་ཡུ་རོབ་ཀྱི་ཨུ་རུ་སུའི་དམག་སྒར་གཉིས་ཀྱི་ནང་དུ་མེ་ཤུགས་འཕུར་མདེལ་བཙུགས་ཡོད་མེད་ཨ་མི་རི་ཀར་འགོག་རྐྱེན་མེད་པར་རྟོག་ཞིབ་བྱེད་དུ་འཇུག་དགོས་ཞེས་གྲོས་གཞི་བཏོན།།

༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་གྱིས་འཕྲོག དེ་ནས་བཟུང་སྟེ་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཤར་ཕྱོགས་ས་ཁུལ་དུ་གནས་འཁོད་ཨུ་རུ་སུ་བ་གྱེན་ལོག་པ་ཚོར་དམག་དོན་དང་མཚོན་ཆ། དཔལ་འབྱོར་རོགས་རམ་སྤྲད་ནས་ལོ་༨་ཀྱི་རིང་དུ་ཡུཀ་རེན་ལ་ནང་འཁྲུག་བསླངས། ད་ལྟའི་བར་དུ་ཡུཀ་རེན་གྱི་གཞུང་དམག་གིས་ཤར་ཕྱོགས་ཀྱི་གྱེན་ལོག་པ་ཚོར་འཐབ་འཁྲུག་བརྒྱབ་ནས་ཡུཀ་རེན་གྱི་དམག་མི་༡༤༠༠༠་ལ་སྲོག་སྐྱོན་ཕོག དེ་རིང་གཟའ་ཕུར་བུའི་ཉིན་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གྱིས་གསར་འགོད་པ་ཚོར་ཤར་ཕྱོགས་ཀྱི་གྱེན་ལོག་པ་ཚོས་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ལ་འགལ་འཛོལ་བྱ་རྒྱུ་ཉུང་དུ་ཕྱིན་སོང་། བདུན་ཕྲག་གསུམ་གྱི་རིང་དུ་འཐབ་འཁྲུག་བརྒྱབ་ནས་མི་ལ་འཆི་རྨས་སོགས་བྱུང་མ་སོང་ཞེས་ཞི་འཇམ་གཏོང་ཐབས་ཀྱི་གླེང་སློང་ཞིག་བྱས་འདུག ༡༩༤༧་ནས་༡༩༨༩་བར་དུ་ཨ་མི་རི་ཀ་དང་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་གཉིས་དགྲ་ཁ་གཏད་དུ་གྱུར། སྐབས་དེར་ཡུཀ་རེན་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཀྱང་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་འཐོར་ཞིག་སོང་བའི་རྗེས་སུ་ཡུཀ་རེན་ལ་རང་བཙན་ཐོབ། ཁོ་ཚོ་རིམ་བཞིན་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཕྱོགས་སུ་བསྐྱོད། སྲིད་འཛིན་ཕུ་ཊིན་གྱིས་ཨ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་བློ་འཚབ་གཙོ་བོ་དེར་སྣང་མེད་བཏང་འདུག་ཅེས་བཤད། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ངས་ཐོག་མ་ནས་ཕུ་ཊིན་ལ་བཤད་ཡོད། ཨུ་རུ་སུའི་དམག་གིས་བཙན་དྲག་བཀོལ་ནས་ཤར་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཉེན་ཁ་བྱུང་ཚེ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་རྩ་འཛིན་དོན་ཚན་ལྔ་པ་ལག་ལེན་བསྟར་དགོས་པའི་ལས་འགན་བསྒྲུབ་རྒྱུའི་གོ་བརྡ་འཕྲོད་ཡོད་ཅེས་ཨ་མི་རི་ཀས་ཤར་ཡུ་རོབ་ལ་དམག་མི་གཏོང་གི་ཡོད་པ་འོས་འཚམས་ཡིན་པའི་སྒྲུབ་བྱེད་བཀོད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་རྩ་འཛིན་དོན་ཚན་ལྔ་པ་ནི་ཚོགས་འཐུས་རྒྱལ་ཁབ་གཅིག་ལ་བཙན་འཛུལ་དང་གཏོར་རྒོལ་བྱུང་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཚང་མར་བཙན་འཛུལ་དང་གཏོར་རྒོལ་བྱས་པ་དང་ཁྱད་པར་མེད་ཅེས་འཁོད་ཡོད་པ་རེད།།

XS
SM
MD
LG