ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་རྒྱ་ནག་གི་རྒྱ་སྐྱེད་ལ་འཐབ་རྒོལ་བྱ་དགོས་པའི་ནན་བརྗོད།


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ནི་ང་ཚོའི་དུས་སྐབས་འདིའི་གདོང་ལེན་བྱ་དགོས་པའི་གནད་དོན་ཞིག་ཡིན། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་ལ་རྒྱ་ནག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པས་ཨ་མི་རི་ཀས་གོ་ལའི་ཁྱོན་དུ་དམག་དཔུང་འགྲེམ་འཇོག་བྱེད་ཕྱོགས་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན། ང་ཚོས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་འོས་ཤིང་འཚམས་པའི་ཁ་གཏད་ནུས་པ་ཐོན་པ་ཞིག་གཅོག་ཐུབ་པའི་འཐབ་ཇུས་ཤིག་འཛིན་རྒྱུ་གནད་འགག་ཆེ། ང་ཚོས་དམག་དཔུང་དང་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་གྲ་སྒྲིག་ཡོད་པ་ཞིག་བྱ་དགོས། ཉེ་ཆར་ལ་དྭགས་ཀྱི་ས་གནས་ཤིག་ཏུ་རྒྱ་ནག་གི་དམག་དང་རྒྱ་གར་གྱི་དམག་གཉིས་གདོང་ཐུག་དྲག་པོ་བྱུང་བ་ནི་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་བྱེད་ཕྱོགས་སུ་བསྐྱར་ཞིབ་བྱ་དགོས་པའི་རྒྱུ་རྐྱེན་ཞིག་ཡིན། རྒྱ་ནག་གིས་རྒྱ་གར་དང་ཝི་ཏེ་ནམ། མ་ལེ་ཤི་ཡ་དང་ཨིན་རྡུ་ནེ་ཤི་ཡ། ཧྥི་ལི་ཕིན་བཅས་ལའང་བཙན་དྲག་དང་འཇིགས་སྐུལ་བྱེད་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཨ་མི་རི་ཀས་དེ་ལ་གདོང་ལེན་བྱེད་པར་དམག་དཔུང་བསྐྱར་འགྲེམ་བྱེད་དགོས་ཀྱི་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་དམག་དཔུང་བསྐྱར་འགྲེམ་བྱ་དགོས་པའི་བཀའ་རྒྱ་བཏང་བ་དེའི་ཁོངས་སུ་ཡུ་རོབ་རྒྱལ་ཁབ་འཇོར་མན་ཎིར་ཨ་རིའི་དམག་༥༢༠༠༠་ཡོད་པ་༢༥༠༠༠་བར་དུ་ཉུང་འཕྲི་བྱ་དགོས་པ་འདུས་ཡོད་ཅེས་ཕྱི་ཟླ་༦་ཚེས་༢༥་ཉིན་འཇར་མན་མཱར་ཤཱལ་ཐེབས་རྩ་ཁང་དུ་དྲྭ་ལམ་ཚོགས་འདུ་ཞིག་ཚོགས་པ་དེའི་ཐོག་ཏུ་ཡུ་རོབ་མཉམ་འབྲེལ་གྱི་མཐོ་རིམ་འགོ་ཁྲིད་ཚོར་བཤད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་མི་རི་ཀའི་དམག་དཔུང་བསྐྱར་འགྲེམ་བྱེད་དགོས་པ་ནི་ས་གནས་ས་ཐོག་གི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་ཐག་གཅོད་བྱེད་ཀྱི་ཡོད། ད་ནས་ས་གནས་ཁག་ཅིག་ལ་ཨ་མི་རི་ཀའི་དམག་དཔུང་ཉུང་འཕྲི་བྱ་རྒྱུ་དང་གོང་དུ་བཤད་པ་ལྟར་རྒྱ་ནག་གི་འཇིགས་སྐུལ་དང་དམག་འཁྲུག་གི་ཉེན་ཁ་འབྱུང་ས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ཨ་མི་རི་ཀའི་དམག་དཔུང་མང་དུ་གཏོང་རྒྱུ་ཡིན། ཨ་མི་རི་ཀས་དམག་དཔུང་བསྐྱར་འགྲེམ་གྱི་ཐག་གཅོད་གང་འདྲ་ཞིག་བྱས་ཀྱང་ས་གནས་མང་དག་ཅིག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཆོས་ཉིད་རེད། ང་ཚོས་འཛམ་གླིང་ཡུལ་གྲུ་ཀུན་གྱི་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གྲོས་མོལ་དང་བསམ་ཤེས། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ཅིག་གིས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་འགན་འཁྲི་ཆེ་ཙམ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་ཅེས་བཤད། ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་གར་ལ་འཁྲུག་རྩོད་སློང་གི་ཡོད་པ་ཁོ་ན་གླེང་སློང་བྱས་མེད་པ་སྟེ། ཁོང་གིས་སྔ་ལོ་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པ་རྒྱ་ནག་གཞུང་གིས་སྦ་གསང་བྱས་པ་རེད། དེར་བརྟེན་འཛམ་གླིང་ཡོངས་སུ་མི་འབུམ་ཕྲག་མང་པོར་སྐྱོན་དང་མི་ས་ཡ་མང་པོར་ནད་མནར་བྱུང་སོང་། ད་ལྟ་མི་ཚང་མས་རྒྱ་ནག་གི་ཉེན་ཁའི་རང་བཞིན་ངོས་ཟིན་ནས་གོ་རྟོགས་སད་ཀྱི་འདུག ཨ་མི་རི་ཀས་ཡུ་རོབ་ལ་དམངས་གཙོའི་ལམ་ལུགས་དང་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ལམ་ལུགས་གཉིས་ཀྱི་གཅིག་གདམ་དགོས་ཞེས་བཙན་སྐུལ་བྱེད་ཀྱི་མེད། རྒྱ་ནག་གིས་ང་ཚོར་དམངས་གཙོ་དང་སྲིད་དབང་སྒེར་གཅོད་གཉིས་ཀྱི་གཅིག་གདམ་ཀ་བྱེད་དུ་འཇུག་གི་འདུག རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་སྟོབས་ཤུགས་ལ་ཁ་གཏད་ནུས་པ་ཐོན་པ་ཞིག་གཅོག་པར་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀས་རྒྱ་ནག་ལ་ངོས་འཛིན་གཅིག་མཚུངས་ཀྱི་བསམ་བློའི་འདུ་ཤེས་ཤིག་བསྐྱེད་ཐུབ་དགོས་ཞེས་འབོད་སྐུལ་ཞུས། ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའི་ཡིས་ཟླ་བ་འདིར་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ལ་རྒྱ་ནག་གི་གནད་དོན་ཐོག་ཏུ་གྲོས་མོལ་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན།།

ཁ་སང་གི་དྲྭ་ལམ་ལྷན་འཛོམས་ཀྱི་གྲོས་མོལ་སྐབས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་པ་ཕྱོགས་གཉིས་ཀྱི་འཐབ་རྩོད་ཅིག་ལ་ངོས་འཛིན་བྱེད་མི་ཉན། འདི་ནི་འཛམ་གླིང་ཡོངས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་པའི་གནད་དོན་ཞིག་ཡིན་ཞེས་བཤད། སྔོན་ཆད་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གིས་ཚོང་ལས་དྲང་སྙོམས་བྱེད་ཀྱི་མེད་པ་དང་ཁྲོམ་ར་སྒོ་འབྱེད་ཡག་པོ་ཞིག་བྱེད་ཀྱི་མི་འདུག ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་རིག་དངོས་བདག་དབང་རྣམས་རྒྱ་ནག་གིས་བཙན་འཕྲོག་དང་དང་རྐུ་འཁྱེར་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་མོད། འོན་ཀྱང་ཡུ་རོབ་མཉམ་འབྲེལ་གྱིས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་ཚོང་དམག་མ་བརྒྱབ། དེའི་ཚབ་ཏུ་ཡུ་རོབ་མཉམ་འབྲེལ་གྱིས་དབུ་ལམ་ཕྱོགས་ཤིག་བཟུང་ནས་རྒྱ་ནག་ལ་འཁྲུག་རྩོད་མི་སློང་བ་དང་བཟོད་ཡངས་ཀྱི་ཚོང་འབྲེལ་སྲིད་ཇུས་ཤིག་བཟུང་། རྒྱལ་ཁབ་༢༧་གྱིས་གྲུབ་པའི་ཡུ་རོབ་མཉམ་འབྲེལ་ནི་འཛམ་གླིང་གི་ཚོང་ལས་ཤོག་ཁག་ཆེ་ཤོས་དེ་ཡིན་པས་རྒྱ་ནག་དང་ཨ་རི་གཉིས་ཀར་འབྲེལ་བ་ཆེན་པོ་ཡོད་ཅིང་། གཟའ་འཁོར་འདིར་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་ཀྱིས་ཚོང་དོན་གྲོས་མོལ་བྱས་ཏེ་རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་ཁག་ལ་མ་རྩ་མང་ཙམ་འཛུགས་དགོས། ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱ་དགོས་ཞེས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་ནན་བརྗོད་བྱས་ཡོད་པར་མ་ཟད། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱས་གྲོས་མོལ་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་རེད།

ཡིན་ནའང་ལག་ལེན་བསྟར་རྒྱུ་དེ་བས་ཀྱང་གལ་འགངས་ཆེན་པོ་རེད། ང་ཚོས་རང་གི་ཀུན་སློང་རྣམས་ཡིག་ཐོག་ཏུ་བཀོད་པ་ཙམ་གྱིས་མི་འགྲིག ང་ཚོར་ཁ་བཤད་དོན་ལ་འཁྱོལ་ཐུབ་པ་ཞིག་བྱ་དགོས་ཀྱི་འདུག་ཅེས་བཤད། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གི་གྲོས་མོལ་ཨ་མི་རི་ཀའི་ཁེ་ཕན་གཅིག་པུ་མིན། ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་འོག་ཏུ་ཚུད་ཀྱི་ཡོད་པར་འབྲེལ་བ་ཆེན་པོ་འདུག་ཅེས་གསལ་སྟོན་བྱས་ཡོད་པ་རེད།།

ཨོ་གླིང་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཉེན་འགོག་འཐབ་ཇུས་འདྲི་ཡུལ་ཁང་གི་ཉམས་ཞིབ་པ་ཨ་ལན་དྷུ་པོན་གྱིས་བཤད་པ་ལྟར་ན། ༢༠༡༧་ལོར་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་ཕྱིན་སོང་། ད་ལྟ་རྒྱ་ནག་དང་ཨ་མི་རི་ཀ་གྲང་དམག་འཁོན་འཛིང་གསར་པ་ཞིག་ཕྱོགས་སུ་སྐྱོད་ཀྱི་འདུག འདི་ནི་སྔོན་ཆད་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་མི་རི་ཀ་དང་དམར་ཤོག་ཨུ་སུ་རུ་གཉིས་ཀྱི་དབར་དུ་ལོ་མང་རིང་གྲང་དམག་འཁོན་འཛིང་ལངས་པ་དེ་ལས་ཀྱང་ཉེན་ཚབས་ཆེ། དམར་ཤོག་ཨུ་རུ་སུ་དང་ཨ་མི་རི་ཀའི་འབྲེལ་བ་དང་མ་འདྲ་བར་རྒྱ་ནག་དང་ཨ་མི་རི་ཀ་འབྲེལ་བ་ནི་གཅིག་བརྟེན་གཅིག་གྲོགས་སུ་གྱུར་འདུག དམར་ཤོག་ཨུ་རུ་སུ་དང་ཨ་མི་རི་ཀའི་གྲང་དམག་འཁོན་འཛིང་ནི་ས་ཁམས་ཆབ་སྲིད་དང་ལམ་ལུགས་མ་འདྲ་བ་གཉིས་ཀྱི་འཐབ་རྩོད་ཅིག་རེད། ཨ་རི་དང་དམར་ཤོག་ཨུ་རུ་སུ་གཉིས་ཀར་རང་གི་ཕྱོགས་གཏོགས་རྒྱལ་ཁབ་ཁག་ཡོད་པས་ཕན་ཚུན་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་བྱུང་མེད། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ནི་དེ་འདྲ་ཞིག་མ་རེད། དེས་ན་རྒྱ་ནག་དང་ཨ་མི་རི་ཀའི་འཐབ་རྩོད་ཀྱིས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་ཞིག་ཐེབས་རྒྱུའི་ཉེན་ཁ་འདུག་ཅེས་བཤད། ད་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པ་དང་ཨ་མི་རི་ཀས་རྒྱ་ནག་གཞུང་གིས་དུས་ཐོག་ཏུ་འཛམ་གླིང་ཡོངས་ལ་ཉེན་བརྡ་མ་བཏང་བར་རིམས་ནད་ཁྱབ་གདལ་སོང་བ་རེད་ཅེས་སྐྱོན་བཙུགས། དེ་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་གཏོང་གི་ཡོད་པར་ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་འཐེན་བྱ་རྒྱུའི་སྡིགས་ར་བསྐུལ་ནས་བཟུང་། རྒྱ་ནག་དང་ཨ་མི་རི་ཀའི་འགལ་ཟླ་ཚོང་དམག་འབའ་ཞིག་མིན་པར་ཕྱོགས་འགའ་ཞིག་ལ་ཁྱབ།།

སྲིད་དོན་ཉམས་ཞིབ་པ་མང་དག་ཅིག་གིས་ལོ་འདིར་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང་ཨ་རིའི་རྒྱལ་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་ནས་སྔོན་འགོག་བྱེད་ཐུབ་ཀྱི་མེད་པ། ཨ་མི་རི་ཀའི་མི་མང་ལས་ཤོར་པའི་གྲངས་འབོར་ཇེ་མང་དང་ཚོང་ལས་ཉམས་རྒུད། ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་མི་དམངས་ལ་བསམ་ཚུལ་འདྲི་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་ཨ་རིའི་སྤྱི་ཚོགས་སུ་མི་མང་འོས་ཤོག་འཕེན་མཁན་མང་བ་ཡོད་པའི་གནས་ཚུལ་གྱི་ཡོད་པས་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་ཞིག་བཟུང་ཡོད་པ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ། ཁོང་གིས་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་ཤུགས་ཆེ་རུ་གཏོང་རྒྱུ་ལྡོག་ཐབས་བྲལ། གལ་སྲིད་རྒྱུ་རྐྱེན་གློ་བུར་བ་ཞིག་གིས་རྒྱ་ནག་དང་ཨ་མི་རི་ཀའི་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་འགོག་མ་ཐུབ་ཚེ། རེ་ཞིག་གི་རིང་ལ་ཨ་མི་རི་ཀ་དང་རྒྱ་ནག་གི་འགལ་ཟླ་སེལ་དཀའ་བ་དང་ཕྱོགས་གཉིས་ཀྱི་འགྲན་རྩོད་སྟོབས་ཤུགས་ཆུང་དུ་གཏོང་ཐབས་མེད་པ། རྒྱ་ནག་དང་ཨ་མི་རི་ཀའི་འཐབ་རྩོད་ཀྱི་ཤུགས་རྐྱེན་འཛམ་གླིང་ཡོངས་ལ་ཁྱབ་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་ཚོང་ལས་བཅས་ལ་གནོད་སྐྱོན་ཚབས་ཆེན་འཕོག་རྒྱུ། མ་ཐ་ཡང་ལོ་འདིའི་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་མ་བྱས་བར་དུ་རྒྱ་ནག་དང་ཨ་རིའི་འགལ་ཟླ་འདི་སེལ་ཐུབ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG