ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

པེ་ཅིང་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་འགོས་ཁྱབ།


པེ་ཅིང་གི་སྒོ་བརྒྱབ་པའི་སྔོ་ཚོད་ཚོང་ར། ༢༠༢༠།༦།༡༥
པེ་ཅིང་གི་སྒོ་བརྒྱབ་པའི་སྔོ་ཚོད་ཚོང་ར། ༢༠༢༠།༦།༡༥

རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་འགོས་ཁྱབ་བྱུང་སྟེ་ས་གནས་ཁག་ཅིག་ལ་འགྲོ་འོང་བཀག་སྡོམ་དང་མི་ཁྲི་ཚོ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་འགོ་ཚུགས། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཕྱི་ཟླ་༦་པའི་ཚེས་༡༥་ཉིན་པེ་ཅིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་གསར་པ་༣༦་ཐོན་སོང་། ཕྱི་ཟླ་༦་ཚེས་༡༢་ནས་དེ་རིང་བར་དུ་ནད་པ་༧༩་ཐོན་འདུག ད་ཐེངས་ཀྱི་ནད་དུག་འགོས་ཁྱབ་འདི་ཟླ་བ་གཉིས་ཀྱི་རྗེས་སུ་པེ་ཅིང་ལ་སླར་ཡང་ཏོག་དབྱིབས་ནད་དུག་གི་ནད་པ་གསར་པ་བྱུང་བ་ཐེངས་དང་པོ་ཡིན་ཞེས་བསྒྲགས། ཉི་མ་གསུམ་གྱི་སྔོན་ནས་པེ་ཅིང་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་བསྐྱར་དུ་ཁྱབ་གདལ་འགྲོ་ཡུལ་དེ་ནི་གྲོང་ཁྱེར་དེའི་ལྷོ་ནུབ་མཚམས་སུ་ཡོད་པའི་ཞིན་ཧྥ་ཏི་ཟས་རིག་སྡེབ་ཚོང་ཁྲོམ་ར་ཡིན་ཞིང་། ཁྲོམ་ར་དེ་ནས་པེ་ཅིང་གྲོང་ཁྱེར་ཕལ་ཆེ་བར་ཤིང་ཏོག་དང་སྔོ་ཚོད་སོས་པ། ཤ་དང་མཚོ་ཟས་རྣམས་འགྲེམ་ཚོང་བྱེད་ཀྱི་ཡོད་ཀྱང་གཟའ་སྤེན་པ་ནས་སྡེབ་ཚོང་ཁྲོམ་ར་དེ་སྒོ་བརྒྱབ་འདུག པེ་ཅིང་གྲོང་ཁྱེར་གཞུང་གིས་འདས་པའི་ཉི་མ་༡༤་ནང་ཚུད་དུ་ཞི་ཧྥ་ཏི་སྡེབ་ཚོང་ཁྲོམ་རར་མི་༣༠༠༠༠་ཡས་མས་ཤིག་ཉོ་ཆ་རྒྱག་ཏུ་ཕྱིན་ཡོད་པ་ཐམས་ཅད་རྩད་གཅོད་བྱས་ནས་ནད་དུག་འགོས་ཡོད་པ་བརྟག་དཔྱད་བྱེད་ཀྱི་ཡོད་པ་སྟེ། ད་སྔ་མི་༡༢༠༠༠་ལ་བརྟག་དཔྱད་བྱས་ཟིན་པ་དེ་དག་ལ་ནད་བརྟག་ཐོན་མི་འདུག་ཅེས་པེ་ཅིང་གྲོང་ཁྱེར་གཞུང་གི་མགྲིན་ཚབ་པ་ཤུའི་ཧེ་ཅན་གྱིས་བཤད།
པེ་ཅིང་ལ་སླར་ཡང་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་བཞིན་པ་དེར་རྒྱ་ནག་རྒྱལ་ཡོངས་སུ་དངངས་འཚབ་བྱ་དགོས་པ་ཞིག་ཏུ་གྱུར། དེའི་རྒྱུ་མཚན་ནི་པེ་ཅིང་ནས་ཏོག་དབྱིབས་རིམས་ནད་ལེའོ་ནིང་དང་ཧེ་པེ་ཞིང་ཆེན་གཉིས་ལ་ཁྱབ་ནས་ཞིང་ཆེན་དེ་དག་གི་ནང་དུ་ནད་པ་གསར་པ་༥་ཐོན་པ་རྣམས་པེ་ཅིང་གི་ནད་པ་ཚོར་འབྲེལ་བ་བྱུང་བ་ཤ་སྟག་ཡིན་ཞིང་། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་འགོག་བཅོས་བྱས་ནས་ནུས་པ་དང་གྲུབ་འབྲས་ཆེན་པོ་ཐོན་ཡོད། ཨ་མི་རི་ཀ་གཙོ་བོར་གྱུར་པའི་ཕྱིའི་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་དང་ནད་མནར་འབྱུང་གི་ཡོད་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་དེ་ཚོར་འཇོན་ཐང་མེད་དྲགས་པས་རེད་ཅེས་པེ་ཅིང་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་འགོས་ཁྱབ་འགྲོ་བཞིན་པ་ཉེན་ཚབས་ཅན་ཞིག་མིན་པའི་རྣམ་པ་སྟོན་གང་ཐུབ་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་དུས་སུ་པེ་ཅིང་ནི་ཉེན་ཚབས་ཆུང་ཤོས་ཀྱི་གྲས་སུ་གཏོགས། ད་ལྟ་པེ་ཅིང་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཀྱི་ཡོད་པ་དེ་ལ་བལྟས་ན་རྒྱ་ནག་གི་ས་གནས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཐེངས་གཉིས་པ་ཞིག་འགྲོ་སྲིད་པའི་ཉེན་ཁ་ཆེ། རྒྱ་ནག་གཞུང་གིས་སླར་ཡང་འགྲོ་འོང་བཀག་སྡོམ་དང་ཚོང་ལས་སོགས་སྒོ་བརྒྱབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་སྲིད། ཁ་སང་གཟའ་ཉི་མའི་ཕྱི་དྲོར་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་སྣེ་ཚོ་ཚོགས་འདུ་ཚོགས་ནས་སྲིད་བློན་གཞོན་པ་ཤུན་ཁྲུན་ལན་གྱིས་ཁྲོམ་ར་ཁག་ཏུ་མི་ཚོགས་ཆེ་བ་དང་མི་དམངས་རྣམས་གང་སར་འགྲིམ་འགྲུལ་བྱེད་ཀྱི་ཡོད་པས་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་བཤད།།

ཞིན་ཧྥ་ཏི་སྡེབ་ཚོང་ཁྲོམ་ར་ཆགས་ཡུལ་ཧྥེང་ཐེ་རྫོང་གིས་ས་གནས་དེར་ཏོག་དབྱིབས་རིམས་ནད་ཁྱབ་ཀྱི་ཡོད་པ་འགོག་ཐབས་སུ་བཀོད་འདོམས་ཁང་གསར་འཛུགས་དང་དྲག་ཆས་ཉེན་རྟོག་པས་ཁྲོམ་ར་སྒོ་བརྒྱབ་ཡོད་པ་དེར་སྐོར་གཡེང་། ནད་དུག་ཁྱབ་ཡུལ་གྲོང་གླིང་༡༡་གི་མི་མང་རྣམས་རང་ཁྱིམ་ནས་ཕྱི་ལ་འབུད་མི་ཆོག་པའི་བཀག་སྡོམ། གྲོང་གླིང་དེ་དག་གི་མི་མང་ལ་ཉིན་ལྟར་ཚ་བ་བརྟག་དཔྱད་བྱས་ནས་གཞུང་ལ་ཐོ་འགོད་བྱ་དགོས་པ། ཁོ་ཚོར་བཟའ་བཅའ་དང་འཚོ་བའི་ཉེར་མཁོ་ཐམས་ཅད་ཉིན་ལྟར་སྒོ་འགྲམ་དུ་སྐྱེལ་རྒྱུའི་བཀོད་སྒྲིག་བྱས་ཡོད་པར་མ་ཟད། ཧྥེང་ཐེ་རྫོང་གིས་ཞིན་ཧྥ་ཏི་སྡེབ་ཚོང་ཁྲོམ་རར་ལས་བྱེད་པ་༨༩༥༠་ཡོད་པ་རྣམས་ལ་བརྟག་དཔྱད་བྱས་ནས་མི་༦༠༠༠་ལ་ནད་དུག་འགོས་མེད་པ་ངེས་གཏན་བྱུང་། པེ་ཅིང་གྲོང་ཁྱེར་གཞུང་གིས་མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་པར་མཆིལ་མའི་མཚོན་དཔེ་ལེན་ས་༡༩༣་སྒོ་ཕྱེ་སྟེ་མི་ས་ཡ་མང་པོར་བརྟག་དཔྱད་བྱ་རྒྱུ་ལག་ལེན་བསྟར། ཁ་སང་གཟའ་ཉི་མར་མི་༧༦༠༠༠་ལ་བརྟག་དཔྱད་བྱས་པ་དེའི་གྲས་སུ་མི་༥༩་ལ་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་། པེ་ཅིང་གྲོང་ཁྱེར་གཞུང་གིས་བདུན་ཕྲག་གཉིས་ཀྱི་ནང་ཚུད་དུ་ཞིན་ཧྥ་ཏི་ཁྲོམ་རར་ཉོ་ཆ་རྒྱག་ཏུ་སོང་མྱོང་ཡོད་པ་དང་ཁྲོམ་ར་དེའི་ཉེ་འཁྲིས་སུ་སོང་མྱོང་ཡོད་པའི་མི་རྣམས་གཟའ་འཁོར་གཉིས་ལ་རང་ཁྱིམ་དུ་འཛུལ་ནས་ཟུར་འགོག་བྱ་དགོས། དེ་རིང་ནས་པེ་ཅིང་གྲོང་ཁྱེར་གྱི་གཞི་རིམ་སློབ་གྲྭ་ཁག་སྒོ་འབྱེད་རྒྱུའི་དུས་ཚོད་ཡིན་རུང་སློབ་གྲྭ་ཁག་སྒོ་འབྱེད་རྒྱུ་ཕྱིར་འགྱངས་བྱས་ཤིང་། ཞིན་ཧྥ་ཏི་སྡེབ་ཚོང་ཁྲོམ་རར་ནད་དུག་ཁྱབ་པའི་རྗེས་སུ་ཧྥེང་ཐེ་རྫོང་གི་རྫོང་དཔོན་གཞོན་པ་དང་ས་གནས་དེའི་འགོ་ཁྲིད་ཁག་ཅིག་གནས་དབྱུང་བཏང་འདུག
པེ་ཅིང་ལ་ཏོག་དབྱིབས་རིམས་ནད་བསྐྱར་ལོག་བྱུང་བ་ནི་རྒྱ་ནག་གི་ས་གནས་ཁག་ལ་རིམས་ནད་བསྐྱར་ཁྱབ་བྱུང་བ་ཐེངས་དང་པོ་མིན། ཟླ་བ་སྔོན་མར་རྒྱ་ནག་གི་བྱང་ཤར་ས་ཁུལ་ཁག་ལ་ཏོག་དབྱིབས་རིམས་ནད་བསྐྱར་ཁྱབ་བྱུང་སྟེ་འབྲེལ་ཡོད་ས་གནས་ཁག་གིས་འཕྲལ་དུ་འགྲོ་འོང་བཀག་སྡོམ་དང་ནད་པ་རྣམས་རྩད་གཅོད། མི་མང་པོ་ཞིག་ལ་ནད་དུག་འགོས་ཡོད་མེད་སྔོན་ནས་བརྟག་དཔྱད་བྱས་ཏེ་རིམས་ནད་ཁྱབ་གདལ་གྱི་མགོ་བོ་འབུར་བཅོམ་ཐུབ་ཡོད། རྒྱ་ནག་གཞུང་གིས་ལོ་འདིའི་ཏོག་དབྱིབས་ནད་དུག་གིས་མི་༤༦༣༤་ལ་འཆི་སྐྱོན་དང་མི་༨༠༠༠༠་ལྷག་ལ་ནད་མནར་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་པ་དེའི་ཁོངས་སུ་པེ་ཅིང་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༤༢༠་དང་མི་༩་ལ་མ་གཏོགས་འཆི་བྱུང་མེད་པ་རེད། རྒྱ་ནག་གཞུང་གིས་དུས་ཡུན་ཟླ་བ་གསུམ་ཡས་མས་ཤིག་ལ་རྒྱལ་ཡོངས་སུ་འགྲོ་འོང་བཀག་པའི་སྟབས་ཀྱིས་ནད་དུག་རྩ་འཇོམས་སོང་ཡོད་པའི་གདེང་ཚོད་རྙེད་ནས་འགྲིམ་འགྲུལ་དང་ཚོང་ལས། སློབ་གྲྭ་སོགས་བསྐྱར་དུ་སྒོ་ཕྱེ། ཐ་ན་ཟླ་བ་གཉིས་ལ་ཕྱིར་འགྱངས་བྱས་པའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་ཀྱང་ཕྱི་ཟླ་༥་པའི་ཚེས་༢༡་ནས་ཚོགས། ད་ལྟ་པེ་ཅིང་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་འགྲོ་བཞིན་པ་འདིས་རྒྱ་ནག་གི་རིམས་ནད་སྔོན་འགོག་གི་ཐབས་ཇུས་ལ་ནུས་པ་མ་ཐོན་པའི་རྟགས་མཚན་མངོན། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པས་པེ་ཅིང་ནི་ཏོག་དབྱིབས་རིམས་ནད་ཀྱི་ལྟེ་གནས་ཝུ་ཧན་གྲོང་ཁྱེར་ལྟ་བུ་ཞིག་ལ་ནམ་ཡང་འགྱུར་མི་སྲིད་ཅེས་རྩོམ་ཐུང་ཞིག་སྤེལ་རུང་ནད་ཡམས་ཁྱབ་གདལ་འདིར་པེ་ཅིང་གྲོང་ཁྱེར་གཞུང་དང་རྒྱ་ནག་གི་འགོ་ཁྲིད་ཚོས་དོགས་ཟོན་ཆེན་པོ་བྱ་དགོས་པ་ཞིག་ཏུ་གྱུར་འདུག
པེ་ཅིང་གྲོང་ཁྱེར་གཞུང་གིས་ཞིན་ཧྥ་ཏི་སྡེབ་ཚོང་ཁྲོམ་རར་ཏོག་དབྱིབས་ནད་དུག་ཇི་ལྟར་ཁྱབ་པ་ཡིན་མིན་རྩད་གཅོད་གསལ་པོ་ཞིག་ཐུབ་ཀྱི་མེད་ཀྱང་ཁྲོམ་ར་དེའི་གཙོ་འཛིན་ཀྲང་ཡུའི་ཞཱིས་བཤད་པ་ལྟར་ན། ཕྱི་རྒྱལ་ནས་ཉ་ཤ་སལ་མོན་ནང་འདྲེན་བྱས་ནས་འཚོང་གི་ཡོད་པ་ཞིག་གི་གཙབས་གདན་ཐོག་ཏུ་ནད་དུག་ཁྱབ་ཡོད་པ་རྩད་གཅོད་བྱུང་སོང་ཞེས་བཤད། དེར་བརྟེན་པེ་ཅིང་གི་གྲོང་མི་ཚོར་ཏོག་དབྱིབས་རིམས་ནད་རྒྱ་ཁྱབ་ཏུ་སོང་ཡོད་པའི་འཇིགས་སྣང་བྱུང་སྟེ་ཚོང་ཁང་མང་པོ་ཞིག་གིས་འཆའ་སྒམ་ནང་དུ་ཉ་ཤ་སལ་མོན་བརྩིགས་ཡོད་པ་རྣམས་ཕྱིར་བསྡུ་བྱས་པའི་གནས་ཚུལ་ཐོན། པེ་ཅིང་གི་ནད་རིགས་སྔོན་འགོག་ཁང་དང་བཀག་སྡོམ་ཁང་གི་ཉམས་ཞིབ་པ་དབྱང་ཕེང་གིས་བཤད་པ་ལྟར་ན། ཞིན་ཧྥ་ཏི་སྡེབ་ཚོང་ཁྲོམ་རར་ཁྱབ་པའི་ཏོག་དབྱིབས་ནད་དུག་དེའི་རིགས་རྫས་ནི་ཡུ་རོབ་ལ་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རིགས་རྫས་དང་གཅིག་མཚུངས་རེད། འོན་ཀྱང་པེ་ཅིང་གི་ཟས་རིགས་ཁྲོམ་ར་དེར་ཏོག་དབྱིབས་རིམས་ནད་ཇི་ལྟར་ཁྱབ་མིན་ཐག་གཅོད་གསལ་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག གཅིག་བྱས་ན་ཤ་དང་མཚོ་ཟས་བརྒྱུད་ནས་མི་ལ་འགོས་ཁྱབ་བྱུང་བའམ། ཡང་ན་མི་ནས་མི་ལ་འགོས་ཁྱབ་བྱུང་བ་ཞིག་ཡིན་སྲིད་ཅེས་བཤད། པེ་ཅིང་ནས་རྒྱ་ནག་བྱང་ཕྱོགས་ཀྱི་ཧྲན་ཏུང་དང་ཧྲན་ཤི། ཧེ་པེ་དང་ལེའོ་ཉིང་སོགས་ཞིང་ཆེན་འགའ་ཞིག་ལ་སྔོ་ཚོད་དང་ཟས་རིགས་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་ས་ཁག་ཅིག་རྒྱལ་ནང་ཡིན་པ་དང་། ད་དུང་རྒྱ་ནག་པ་མང་པོ་ཞིག་ཨི་ཇེབ་དང་རྒྱ་གར། པ་ཀི་སི་ཐན་དང་ཨུ་རུ་སུ། གྷ་ན་བཅས་ལ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་ནས་རང་ཡུལ་ལ་ཕྱིར་ལོག་བྱས་པ་དེ་དག་གིས་ཀྱང་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་བགོ་ཡི་འདུག་ཅེས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG