ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྟའུ་རྫོང་དུ་མི་༡༠༠༠་རེའི་ནང་དུ་མི་རེར་རིམས་ནད་འགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཁ་སང་སྤྱི་ཟླ་༢་པའི་ཚེས་༡༧་གྱི་མཚན་གུང་གི་ཆུ་ཚོད་བཅུ་གཉིས་བར་དུ་བོད་ཀྱི་ས་ཁུལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་དུ་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་ཕོག་མཁན་མི་༥་འཕར་སྣོན་བྱུང་ཞིང་། ད་ལྟ་དཀར་མཛེས་ཁུལ་ཡོངས་སུ་རིམས་ནད་ཕོག་མཁན་མི་༦༢་ཡོད་པའི་གྲས་ཀྱི་མི་༥༧་རྟའུ་རྫོང་དུ་འདུག དེའི་ནང་ནས་མི་༥༣་རྟའུ་རྫོང་དུ་གནས་སྡོད་བྱེད་མཁན་གྱི་མི་རེད། ད་སྔ་རིམས་ནད་ཕོག་མཁན་འདི་དག་ལ་འབྲེལ་འདྲིས་མང་པོ་བྱས་མྱོང་མཁན་གྱི་མི་༣༨༡་ལོགས་སུ་བཀར་ནས་མུ་མཐུད་དུ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་དྲྭ་ཚིགས་སུ་བཀོད།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་འབོར་བསྡུར་ཚད་གཞིར་བཟུང་ན་རྒྱ་ནག་གི་ཝུ་ཧན་གྱི་འཕྲོད་ནས་རིམས་ནད་ཁྱབ་ཚད་ཤུགས་ཆེ་ཤོས་ནི་དཀར་མཛེས་ཁུལ་ཡིན་ཞིང་། དཀར་མཛེས་ཁུལ་གནས་ཡུལ་གྱི་སི་ཁྲོན་ཞིང་ཆེན་ལྟ་བུར་མཚོན་ན་མི་འབོར་བྱེ་བ་གཅིག་དང་ས་ཡ་དྲུག་ཡོད་པའི་ཁྲེན་ཏུའུ་གྲོང་ཁྱེར་གཅིག་པུར་མི་༡༡༤་ལ་མ་གཏོགས་རིམས་ནད་དེ་འགོས་ཁྱབ་བྱུང་མེད། མི་འབོར་ས་ཡ་གཅིག་ལས་མེད་པའི་དཀར་མཛེས་བོད་རང་སྐྱོང་ཁུལ་དུ་ད་སྔ་མི་༦༢་འགོས་ནད་བྱུང་། ལྷག་པར་དུ་རྟའུ་རྫོང་ལྟ་བུར་མཚོན་ན་མི་འབོར་༥༥༠༠༠་ལྷག་ལས་མེད་ཀྱང་རྫོང་དེར་རིམས་ནད་ཕོག་མཁན་མི་༥༧་བྱུང་ཡོད་པ་ནི་མི་འབོར་གྱི་བསྡུར་ཚད་གཞི་ལ་བཞག་ན་རིམས་ནད་ཁྱབ་ཚད་ཧ་ཅང་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར། རྟའུ་རྫོང་དུ་ཆ་མཉམ་བྱས་ན་མི་སྟོང་གཅིག་གི་ནང་དུ་མི་གཅིག་ལ་འགོས་ནད་དེ་བྱུང་ཡོད་པ་རེད།

ཁ་སང་སྤྱི་ཚེས་༡༧་ཉིན་དཀར་མཛེས་ཁུལ་ཉེན་རྟོག་ལས་ཁུངས་དང་འགྲིམ་འགྲུལ་དོ་དམ་ལས་ཁུངས་གཉིས་ཀྱིས་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། རྟའུ་རྫོང་གི་ཁོངས་གཏོགས་ཡུལ་ཚོ་ཁག་ཅིག་གི་ནང་དུ་འགྲིམ་འགྲུལ་གྱི་ལམ་ཁ་ཁག་ཅིག་ཡོངས་སུ་བཀག་སྡོམ་བྱས་ཏེ་རླངས་འཁོར་གཅིག་ཀྱང་འགྲོ་སྐྱོད་བྱེད་མི་ཆོག་པ་དང་རིམས་ནད་འདི་གཏན་འགོག་མ་བྱས་བར་དུ་ལམ་ཁ་ཤར་གཏོང་བྱ་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་འདུག ད་སྔ་རྟའུ་རྫོང་གི་ཁོངས་སུ་ཉི་ཚོ་གྲོང་རྡལ་དང་མ་ཟུར་ཡུལ་ཚོ། ཁང་གསར་ཡུལ་ཚོ་དང་དགེ་བཤེས་ཡུལ་ཚོ། ཁུག་ཆ་ཡུལ་ཚོ་དང་སྦ་ཞབས་ཡུལ་ཚོ་བཅས་གྲོང་རྡལ་གཅིག་དང་ཡུལ་ཚོ་ལྔའི་ནང་དུ་རིམས་ནད་འགོས་ཁྱབ་བྱུང་ཡོད་པ་རེད།

རྟའུ་རྫོང་དུ་གློ་ཚད་རིམས་ནད་ཕོག་མཁན་ཐོག་མ་དེ་སྤྱི་ཟླ་དང་པོའི་ཚེས་༢༤་ཉིན་ཤེས་རྟོགས་བྱུང་། དེ་ཡང་རིམས་ནད་ཕོག་མཁན་གྱི་མི་སྣ་གཉིས་བརྒྱུད་ནས་འགོས་ཁྱབ་བྱུང་བ་ཞིོག་ཡིན་པ་དང་། དེའི་གྲས་ཀྱི་ནད་པ་གཅིག་སྤྱི་ཟླ་དང་པོའི་ཚེས་༩་ནས་༡༨་བར་དུ་རྒྱ་ནག་ཁྲེན་ཏུའུ་དང་ནན་ཁྲང་། མེ་ཧྲན་སོགས་ལ་ཕྱིན་ནས་ཕྱིར་རྟའུ་རྫོང་དུ་སླེབས་ནས་མི་གཞན་ལ་འགོས་ནད་བགོས། མི་གཞན་པ་ཞིག་ཀྱང་སྤྱི་ཚེས་༢༠་ཉིན་ཁྲེན་ཏུའུ་དང་གཡག་རྔ་ཁ་ལ་ཕྱིན་ནས་ཕྱིར་རྟའུ་ལ་ཡོང་བ་བཅས་མི་འདི་དག་ལ་བརྟེན་ནས་རིམས་ནད་འགོས་ཁྱབ་བྱུང་བ་ཞིག་ཡིན་པའི་གནས་ཚུལ་ཞིག་ཀྲུང་གོའི་བོད་སྐད་རླུང་འཕྲིན་ཁང་གི་དྲྭ་ཚིགས་སུ་བཀོད་འདུག

རྟའུ་རྫོང་ནི་བོད་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་སུ་གྲོང་ཁྱེར་གཅིག་དང་རྫོང་༡༧་ཡོད་པའི་གྲས་ཀྱི་གཅིག་ཡིན་ཞིང་། ད་ལྟ་རྟའུ་རྫོང་འདིའི་ཁོངས་སུ་གྲོང་རྡལ་༤་དང་ཡུལ་ཚོ་༡༨་ཡོད། སྤྱི་ལོ་༢༠༡༡་ལོར་བསྡོམས་རྩིས་བྱས་པ་ལྟར་ན་མི་འབོར་༥༥༢༩༠་ཡོད་པའི་གྲས་ཀྱི་བརྒྱ་ཆའི་༩༩་བོད་པ་ཡིན་པ་བཅས་ཀྱི་གནས་ཚུལ་ཞིག་རྒྱ་ནག་གི་པད་ཏུའུ་ཞེས་པའི་འཚོལ་བཤེར་དྲྭ་ཚིགས་སུ་བཀོད་འདུག

XS
SM
MD
LG