ཉེ་ཆར་ནས་བོད་ཀྱི་བོད་ཀྱི་ས་ཁུལ་ཁག་ཅིག་ཏུའང་ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་བའི་རིམས་ནད་འགོས་ཁྱབ་ཡོད་པ་བསྟུན་ནས། དཀར་མཛེས་བོད་རང་སྐྱོང་ཁུལ་ནི་གློ་ཚད་རིམས་ནད་དེ་འགོས་ཁྱབ་བྱུང་བ་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་ཅིང་། ཁ་སང་སྤྱི་ཚེས་བཅུ་གཉིས་ཉིན་ཡང་རིམས་ནད་ཕོག་མཁན་མི་གཅིག་མང་རུ་ཕྱིན་ནས་ད་ལྟ་དཀར་མཛེས་བོད་རང་སྐྱོང་ཁུལ་དུ་ཁྱོན་བསྡོམས་རིམས་ནད་ཕོག་མཁན་གྱི་མི་སུམ་བཅུ་སོ་བདུན་བྱུང་ཡོད་པ་དང་། དེའི་གྲས་སུ་རྟའུ་རྫོང་དུ་མི་སུམ་བཅུ་སོ་གཉིས་དང་། དར་རྩེ་མདོ་རུ་མི་གཉིས། གསེར་རྟ་རུ་མི་གཉིས་དང་། འདབ་པ་རུ་མི་གཅིག་བཅས་ཡོད་པ་དང་། ནད་པ་དེ་དག་དག་ནི་གྲས་སུ་སྐྱེས་པ་ཉི་ཤུ་རྩ་གཉིས་དང་བུད་མེད་བཅོ་ལྔ་ཡོད་པ་དང་། ལོ་ཆེ་ཤོས་བདུན་བཅུ་དོན་གཉིས་དང་། ཆུང་ཤོས་ལོ་ན་གསུམ་ཡིན་པ་རེད། ཡང་ནད་པ་དེ་དག་ལ་རིམས་ནད་འགོས་ཁྱབ་བྱུང་བའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པའི་ནང་དུ་ནད་པའི་གྲས་ཀྱི་མི་ལྔ་རྒྱ་ནག་ཝུའུ་ཧན་དུ་འགྲོ་སྐྱོད་བྱས་མྱོང་མཁན་དང་། ནད་པ་གཉིས་ཁྲིན་ཏུའུ་གྲོང་ཁྱེར་ནས་ཡོང་མཁན། ནད་པ་གཅིག་གཡག་རྔ་ཁ་དང་། གཞན་གཅིག་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་ནས་ཡོང་མཁན་ཡིན་ལ། དེ་ལས་གཞན་པའི་མི་ཉི་ཤུ་རྩ་བརྒྱད་རྟའུ་རྫོང་དུ་རྒྱུན་སྡོད་བྱེད་མཁན་གྱི་མི་ཡིན་པ་བཅས་དྲ་ལམ་གྱི་སི་ཁྲོན་ཅེས་པའི་དྲ་ཚིགས་ཀྱི་སྟེང་ངོི་སྤྲོད་བྱས་འདུག དཀར་མཛེས་བོད་རང་སྐྱོང་ཁུལ་ནི་བོད་ཀྱི་ས་ཁུལ་ཁག་ལས་མི་འབོར་མང་ཤོས་དང་ས་རྒྱ་ཆེ་ཤོས་ཀྱི་ས་ཁུལ་ཅིག་ཡིན་ལ་ད་ལྟ་ས་ཁུལ་འདིའི་ཁོངས་སུ། གྲོང་ཁྱེར་གཅིག་དང་རྫོང་ཁག་བཅུ་བདུན་ཡོད་པའི་ཁོངས་སུ་ཡུལ་ཚོ་སུམ་བརྒྱ་ཉེར་ལྔ་དང་། སྡེ་བའམ་གྲོང་པ་ཉིས་སྟོང་དྲུག་བརྒྱ་བདུན་བཅུ་དོན་དགུ་ཡོད་ལ། སྤྱི་ལོི་ཉིས་སྟོང་བཅོ་བརྒྱད་ལོར་བསྡོམས་རྩིས་བྱས་པ་ལྟར་ན་དཀར་མཛེས་ས་ཁུལ་ཡོངས་སུ་མི་འབོར་ས་ཡ་གཅིག་དང་ཆིག་འབུམ་དགུ་ཁྲི་ལྷག་ཡོད་པ་རྒྱ་ནག་གི་པད་ཏུའུ་ཅེས་པའི་འཚོལ་བཤེར་དྲ་ཚིགས་སུ་ངོ་སྤྲོད་བྱས་འདུག
ཡང་རྒྱ་ནག་རྒྱལ་ཡོངས་ལ་མཚོན་ན་ཁ་སང་སྤྱི་ཚེས་བཅུ་གཉིས་ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་གློ་ཚད་གསར་བའི་རིམས་ནད་འདི་ཕོག་མཁན་གྱི་མི་ཆིག་ཁྲི་ལྔ་སྟོང་བརྒྱ་དང་ལྔ་བཅུ་ང་གཉིས་མང་རུ་ཕྱིན་ཡོད་པ་དང་། དེའི་གྲས་སུ་འདས་གྲོངས་སུ་ཕྱིན་པའི་མིའི་གྲངས་ཀ་ཉིས་བརྒྱ་ལྔ་བཅུ་ང་བཞི་མང་རུ་ཕྱིན་ནས། ད་ལྟ་རྒྱ་ནག་རྒྱལ་ཡོངས་སུ་ཝུའུ་ཧན་ནས་བྱུང་བའི་གློ་ཚད་རིམས་ནད་ལ་རྐྱེན་བྱས་ནས་ཁྱོན་བསྡོམས་མི་གྲངས་ཆིག་སྟོང་སུམ་བརྒྱ་དྲུག་བཅུ་རེ་བདུན་འདས་གྲོངས་སུ་ཕྱིན་འདུག་ཅིང་། རིམས་ནད་དེ་ཕོག་མཁན་གྱི་མི་གྲངས་ལྔ་ཁྲི་དགུ་སྟོང་བརྒྱད་བརྒྱ་བཞི་དང་། རིམས་ནད་དེ་ཕོག་ཡོད་པར་དོགས་པ་བྱ་སའི་མི་ཆིག་ཁྲི་སུམ་སྟོང་བཞི་བརྒྱ་སུམ་བཅུ་སོ་ལྔ་བྱུང་ཡོད་པ་བཅས་ཀྱང་རྒྱ་ནག་དབུས་འཕྲོད་བསྟེན་དང་བདེ་ཐང་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་འདུག
བོད་ཀྱི་ས་ཁུལ་རྔ་བ་བོད་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རི་རྒན་ན་གཞོང་ལ་མེ་སྐྱོན་བྱུང་ནས་རྩྭ་ས་རྒྱ་ཆེན་པོ་ཞིག་མེ་ཡིས་འཚིག་ཡོད་པའི་གནས་ཚུལ་བྱུང་འདུག ཁྱུང་མཆུ་རུ་མེ་སྐྱོན་བྱུང་བའི་གནས་ཚུལ་དེ་ནི་ཁ་སང་སྤྱི་ཚེས་བཅུ་གཉིས་ཉིན་གྱི་ཉིན་གུང་གི་ཆུ་ཚོད་དང་པོ་ཙམ་ལ་བྱུང་ཞིང་། དགོང་དྲོའི་ཆུ་ཚོད་དགུ་བ་ལྷག་གི་རྗེས་ལ་མེ་གསོད་ཐུབ་ཡོད་ནའང་དེ་རིང་བསྐྱར་དུ་རྩྭ་ས་མེ་ལ་འབར་བའི་གནས་ཚུལ་བྱུང་ཞིང་། ཁྱོན་རྩྭ་ས་མུའུ་ཁྲི་གཅིག་གི་གཡས་གཡོན་ཞིག་མེ་འབར་འདུག
བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཉིན་འདི་གའི་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་པ་དང་། ཕྱོགས་སྐྱོད་ཀྱི་སྐབས་སུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེས་ཕས་ལོ་སས་དང་ཐུག་འཕྲད་གནང་ཞིང། ལྕམ་ནེ་སེ་ཕས་ལོ་སས་ཡིས་ད་ལྟའི་བར་དུ་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་དོན་ལ་ལོ་མང་པོའི་རིང་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བ་དང་། ཁྱད་པར་དུ་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཉིས་སྟོང་བཅུ་དགུ་ལོར་བཏོན་པའི་བོད་དོན་རྒྱབ་སྐྱོར་སྲིད་ཇུས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བར་སྲིད་སྐྱོང་ལགས་ནས་ཐུགས་རྗེ་ཆེ་ཞུས་འདུག
ལོ་རེའི་སྤྱི་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་གྱི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ཉིན་མོ་ལ་ངོས་འཛིན་ཞུ་བཞིན་པ་ལྟར། བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་རིང་སྤྱི་ཚེས་བཅུ་གསུམ་ཉིན་རྒྱ་གར་ངྷ་རམ་ས་ལ་རུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ངོ་ཧྲིལ་བོ་བརྒྱ་དང་བདུན་འཁོར་བའི་བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི་བྱས་འདུག
ཉེ་ཆར་ཉི་ཧོང་གི་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་མཁན་གྱི་གྲུ་གཟིངས་ཆེན་པོ་ཞིག་ནང་དུ་མི་མང་པོ་ཞིག་ལ་ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་བའི་རིམས་ནད་ཕོག་ཡོད་པར་མུ་མཐུད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པ་དང་། དེ་རིང་སྤྱི་ཚེས་བཅུ་གསུམ་ཉིན་གསར་དུ་རིམས་ནད་ཕོག་མཁན་བཞི་བཅུ་ཞེ་བཞི་ངོས་ཟིན་ནས་ད་ལྟའི་བར་ཉི་ཧོང་གི་གྲུ་གཟིངས་དེའི་ནང་ཁྱོན་མི་གྲངས་ཉིས་བརྒྱ་དང་བཅོ་བརྒྱད་ལ་གློ་ཚད་གསར་བའི་རིམས་ནད་ཕོག་ཡོད་པ་ཐག་གཅོད་ངོས་འཛིན་བྱུང་ཡོད་ཅིིང་། ད་ལྟ་ཉི་ཧོང་ཡོངས་སུ་རིམས་ནད་དེ་ཕོག་མཁན་མི་གྲངས་ཉིོས་བརྒྱ་དང་བཞི་བཅུ་ཞེ་བདུན་ལ་འཕར་འདུག ཉི་ཧོང་གི་ཡུལ་སྐོར་སྤྲོ་འཆམ་གྱི་གྲུ་གཟིངས་ཆེན་པོ་དེ་སྤྱི་ཟླ་དང་པོའི་ཚེས་ཉི་ཤུའི་ཉིན་ཉི་ཧོང་གི་གྲོང་ཁྱེར་ཧིན་པིན་ཅེས་པ་ནས་ལམ་ལ་ཆས་ཏེ་ཧོང་ཀོང་དང་ཐེ་ཝན་གྱི་གྲུ་ཁ་ཁག་ཅིག་བརྒྱུད་ནས་སྤྱི་ཟླ་གཉིས་པའི་ཚེས་བཞི་ཉིན་ཕྱིར་ཉི་ཧོང་གི་གྲོང་ཁྱེར་ཧིན་པིན་དུ་ཕྱིར་འབྱོར་སྐབས་གྲུ་གཟིངས་ནང་གི་མི་ཁག་ཅིག་ལ་རིམས་ནད་དེ་འགོས་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེ་ནས་གྲུ་གཟིངས་དེའི་སྟེང་ཡོད་པའི་མི་སུམ་སྟོང་བདུན་བརྒྱ་བཅུ་གཅིག་ལོགས་སུ་བཀར་ནས་མི་རེ་རེར་བརྟག་དཔྱད་བྱེད་བཞིན་པ་དང་གྲུ་གཟིངས་དེའི་སྟེང་ཁྱོན་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མ་འདྲ་བ་དགུ་ཡི་མི་སྣ་ཡོད་ལ། ཟླ་འདིའི་སྤྱི་ཚེས་བཅུ་དགུ་ཉིན་བར་གྲུ་གཟིངས་སྟེང་གི་མི་རྣམས་ལ་མུ་མཐུད་ནས་བརྟག་དཔྱད་བྱ་རྒྱུ་ཡིན་པ་བསྒྲགས་འདུག་ཅིང། ད་ལྟའི་བར་འཛམ་གླིང་ཡོངས་སུ་ཁྱོན་བསྡོམས་རྒྱལ་ཁབ་ཉི་ཤུ་རྩ་དྲུག་གི་ནང་དུ་རིམས་ནད་དེ་ཁྱབ་ཡོད་པའི་གྲས་སུ་ཉི་ཧོང་དེ་རྒྱ་ནག་ལས་གཞན་རིམས་ནད་ཕོག་པ་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཆགས་ཡོད་པ་རེད།
རྒྱ་ནག་བུའུ་ཧན་དུ་གློ་ཚད་གསར་བའི་རིམས་ནད་འགོས་ཁྱབ་བྱུང་བའི་གནས་ཚུལ་ཐག་གཅོད་བྱ་རྒྱུའི་ཐད་ལས་དོན་འཐུས་ཤོར་བྱུང་བ་ལ་བརྟེན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་གཞུང་ནས་ཝུའུ་ཧན་གྲོང་ཁྱེར་གནས་ཡུལ་ཧུའུ་པེ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཅྰང་ཁྲོ་ལེང་དང་། ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ལྷན་ཚོགས་ཀྱི་མགོ་ཁྲིད་ཁག་ཅིག་བཅས་ལས་གནས་ནས་གནས་དབྱུང་བཏང་བ་བཅས་ཐེངས་འདིའི་གློ་ཚད་རིམས་ནད་ལ་རྐྱེན་བྱས་ནས་ས་ཁུལ་ཁག་ཅིག་གི་མགོ་ཁྲིད་ལས་བྱེད་གནས་དབྱུང་བཏང་ཡོད་པ་དང་། ཧུའུ་པེ་ཞིང་ཆེན་གྱི་དམར་ཕྱོགས་དྲུང་ཆེའི་ལས་ཚབ་ཏུ་ད་ལྟ་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ལས་འགན་འཁུར་བཞིན་པ་ཡྰིན་ཡུང་བསྐོ་འཇོག་བྱས་འདུག
རྒྱ་ནག་བུའུ་ཧན་ནས་ཁྱབ་པའི་གློ་ཚད་རིམས་ནད་ལ་རྐྱེན་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་ནང་མི་རྣམས་ཕར་ཚུར་འགྲུལ་སྐྱོད་བྱེད་ཚད་ཉུང་རུ་ཕྱིན་ནས་ས་ཁུལ་འདི་དག་གི་ནང་དུ་གནམ་གྲུའི་འཛིན་བྱང་མངགས་ཉོ་བྱེད་རྒྱུའི་ཚད་དེ་ན་ནིང་དང་བསྡུར་བ་ཡིན་ན་བརྒྱ་ཆའི་བཅུ་དང་གྲངས་ཆུང་ལྔ་ཡིས་ཉུང་རུ་ཕྱིན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་གི་ཚོགས་འདུ་གལ་ཆེན་གྱི་རིགས་འཚོགས་རྒྱུ་ཡང་ཕྱིར་འཐེན་བྱེད་བཞིན་པ་དང་། ལོ་རེར་ཐེངས་གཅིག་རེར་འཚོགས་བཞིན་པའི་འཛམ་གླིང་འཁྱེར་འཕྲིན་འབྲེལ་ལམ་གྱི་ཚོགས་ཆེན་སི་ཕེན་དུ་འཚོགས་འཆར་ཡོད་པ་ཡང་ཕྱིར་འཐེན་བྱས་འདུག་ཅིང་། ཚོགས་འདུ་འདིར་ཁྱོན་མི་གྲངས་འབུམ་གཅིག་མཉམ་ཞུགས་བྱེད་བཞིན་འདུག་ལ། གཞན་ད་ལོར་ཉི་ཧོང་གི་རྒྱལ་ས་ཐོ་ཁེ་ཨོ་རུ་ཚོགས་རྒྱུ་གཏན་འཁེལ་བྱས་ཡོད་པའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་དེ་ཡང་འཚོགས་ཐུབ་མིན་ལ་དོགས་པ་བྱེད་བཞིན་པ་རེད།
ཡང་དེ་རིང་སྤྱི་ཚེས་བཅུ་གསུམ་གྱི་ཉིན་ཐྰེ་ཝན་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་ཡྰིག་ཞིས་ཁྰོན་ཅེས་པ་ཐེ་ཝན་དུ་གནས་སྡོད་ཨ་རིའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྰིས་ཡིན་ཅེ་དང་ཐུག་འཕྲད་བྱས་ཏེ། ཨ་རིས་མ་འོངས་བར་ཐྰེ་ཝན་དང་མཉམ་དུ་དངོས་གཞིའི་ཕྱི་འབྲེལ་འབྲེལ་ལམ་འཛུགས་རྒྱུར་རེ་འདུན་བཏོན་འདུག་པ་མ་ཟད། ད་ལྟའི་བར་དུ་ཨ་རིའི་ངོས་ནས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནང་དུ་མཉམ་ཞུགས་གནང་རྒྱུ་སོགས་ཀྱི་ཐད་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་འདུག་པ་མ་ཟད །ཐེ་ཝན་དང་ཨ་རིའི་བར་དུ་གང་མགྱོགས་ངང་རང་དབང་ཉོ་ཚོང་གི་གྲོས་མཐུན་འཇོག་རྒྱུར་ཡང་འབོད་སྐུལ་ཞུས་འདུག
ཡང་ཁ་སང་སྤྱི་ཚེས་བཅུ་གཉིས་ཉིན་ཨ་རིའི་སློབ་གསོའི་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཨ་རིའི་མིང་གྲགས་ཅན་གྱི་ཧར་བར་སྦྲི་སློབ་ཆེན་དང་ཡྰེལ་སློབ་ཆེན་གཉིས་ཀྱི་ནང་དུ་ཕྱིའི་རྒྱལ་ཁབ་ནས་དངུལ་གྱི་རོགས་རམ་དང་མ་རྩ་གཏོང་བཞིན་པ་ཁྲིམས་མཐུན་ལུགས་མཐུན་ཡིན་མིན་སོགས་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཅེས་བཤད་འདུག འདི་ནི་ན་ནིང་ནས་བཟུང་ཨ་རིའི་ཕྱིའི་རྒྱལ་ཁབ་ཁག་ནས་ཨ་རིའི་སློབ་ཆེན་ཁག་གི་ནང་དུ་དངུལ་གྱི་རོགས་རམ་དང་མ་རྩ་གཏོང་སྟངས་སྒྲིག་སྲོལ་གསར་བ་བཙུགས་པའི་ཚུན་དུ་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་པ་དང་། ན་ནིང་ནས་ཨ་རིའི་ཇོར་ཇི་ཁྲོང་སློབ་ཆེན་སོགས་སློབ་ཆེན་ཁག་ཅིག་གི་ནང་དུ་བརྟག་དཔྱད་ཞིབ་འཇུག་བྱས་མྱོང་ལ། ཨ་རིའི་སློབ་ཆེན་ཁག་ཏུ་དངུལ་གཏོང་མཁན་གྱི་རྒྱལ་ཁབ་གཙོ་བོ་ནི་རྒྱ་ནག་དང་། སོ་དི་ཨ་རབ། ཨ་རབ་དང་ཁ་ཐར་སོགས་རྒྱལ་ཁབ་ཁག་ཅིག་ཡིན་པ་རེད། ཨ་རིའི་དབུས་སློབ་གསོའི་ལས་དོན་གྱི་འགན་འཛིན་ནས་གལ་ཏེ་སློབ་ཆེན་དག་གིས་ཕྱིའི་རྒྱལ་ཁབ་ཀྱིས་ཞལ་འདེབས་ཕུལ་བ་དང་མ་རྩ་བཏང་བ་སོགས་ངོས་ལེན་བྱས་ཡོད་ན། ཨ་རིའི་ཁྲལ་སྤྲོད་མཁན་མི་དམངས་ནས་དངུལ་གྱི་ཡོང་ཁུངས་སོགས་ངེས་པར་དུ་ཤེས་དགོས་ལ་དེ་ཕྱི་གསལ་ནང་གསལ་བཟོ་དགོས་ཅེས་བཤད་འདུག
རྒྱ་ནག་གཞུང་གིས་དེ་རིང་སྤྱི་ཚེས་བཅུ་གསུམ་ཉིན་ཧོང་དང་ཨོ་མོན་ལས་དོན་གྱི་འགན་འཁུར་མཁན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཧོང་ཁོང་ཨོ་མོན་ལས་དོན་གཞུང་ལས་ཁང་གི་འགན་འཛིན་ཀྲང་ཞོ་མིན་ལས་གནས་ནས་ཕབ་ནས་ཁོའི་ཚབ་ཏུ་རྒྱ་ནག་དབུས་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་ཞྰ་པོ་ལུང་བསྐོ་འཇོག་བྱས་འདུག་ཅིང་། ཀྲང་ཞོ་མིན་ནི་ཧོང་ཁོང་དུ་དམིགས་གཙོ་དོན་གཉེར་གྱི་ངོ་རྒོལ་ལས་འགུལ་བྱུང་བའི་རྗེས་ལ་རྒྱ་ནག་དབུས་གཞུང་གིས་ལས་གནས་བརྗེ་སྒྱུར་བྱས་པའི་མགོ་ཁྲིད་ཐོག་མ་དེ་ཡིན་ལ། རྒྱ་ནག་གཞུང་གིས་ཁོའི་ལས་གནས་བརྗེ་སྒྱུར་བྱ་དགོས་པའི་རྒྱུ་མཚན་འགྲེལ་བཤད་བྱས་མི་འདུག ད་ལོའི་ཟླ་དང་པོའི་ནང་དུའང་ཧོང་ཁོང་དུ་སྡོད་པའི་རྒྱ་ནག་གི་འབྲེལ་མཐུད་ཚོགས་པའི་འགན་འཛིན་ཡང་བརྗེ་སྒྱུར་བྱས་ཡོད་པ་དང་། མ་འོངས་བར་ཧོང་ཁོང་གི་ངོ་རྒོལ་ལས་འགུལ་ཞི་འཇམ་སོང་བའི་རྗེས་ལ་ཧོང་ཀོང་དམིགས་བསལ་འཛིན་སྐྱོང་ས་ཁུལ་གྱི་སྤྱི་ཁྱབ་ཁེ་རོས་ལེམ་གྱི་ཚབ་ཏུའང་མི་གཞན་ཞིག་བསྐོ་འཇོག་བྱ་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག