ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

གཟའ་ཕུར་བུའི་ཉིན་གྱི་གསར་འགྱུར་ཕྱོགས་བསྡུས།


༡ རྒྱ་ནག་དང་བལ་ཡུལ་གཞུང་གིས་ཁྲིམས་འགལ་ཐོག་ཏུ་མཐའ་མཚམས་བརྒལ་ནས་འགྲོ་མཁན་གྱི་མི་སྣ་ཕན་ཚུན་རྩིས་སྤྲོད་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མོས་མཐུན་བྱུང་བའི་གནས་ཚུལ་ཐོན་འདུག ལོ་སྔོན་མའི་སྤྱི་ཟླ་བཅུ་བའི་ནང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཐེངས་དང་པོར་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས། སྐབས་དེར་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ས་མཚམས་བདག་གཉེར་དོ་དམ་བྱེད་ཐབས་ཐད་ཀྱི་གྲོས་མཐུན་ཁག་ཅིག་བཞག ཐེངས་འདིའི་མཐའ་མཚམས་བརྒལ་ནས་འགྲོ་མཁན་གྱི་མི་སྣ་རྩིས་སྤྲོད་བྱ་རྒྱུ་འདི་ཡང་གྲོས་མཐུན་དེའི་ཁོངས་སུ་གཏོགས། འདི་ནི་སྐབས་དེར་བཞག་པའི་གྲོས་མཐུན་དེའི་དོན་ཚན་ཉེར་དྲུག་པའི་ནང་གསེས་གཉིས་པར་གཏན་འབེབས་བྱས་འདུག

ནང་གསེས་དོན་ཚན་དེར་རྒྱལ་ཁབ་གཉིས་ཀས་ཁྲིམས་འགལ་གྱིས་མཐའ་མཚམས་བརྒལ་ནས་འགྲོ་མཁན་གྱི་མི་གང་རུང་འཛིན་བཟུང་བྱས་པའི་རྗེས་སུ་ཉིན་བདུན་གྱི་ནང་ཚུད་དུ་ཕན་ཚུན་རྩིས་སྤྲོད་བྱ་དགོས་ཞེས་བཀོད། གྲོས་མཐུན་འདིས་བོད་ནས་བལ་ཡུལ་དུ་སྐྱབས་བཅོལ་དུ་ཡོང་མཁན་ཚོར་དཀའ་ངལ་འཕར་མ་ཞིག་འཕྲད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། ཉེ་ཆར་བལ་ཡུལ་གཞུང་གིས་རྒྱ་ནག་གི་སྤྱི་དམངས་༡༢༢་ཁྲིམས་འགལ་གྱིས་དངུལ་སྒོར་གཡོ་ལེན་བྱས་པའི་ཉེས་མིང་འོག་ཏུ་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའང་དོན་དངོས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱ་རྒྱུ་དགོས་པའི་རེ་བ་བཏོན་པའི་ནས་བལ་ཡུལ་གཞུང་གིས་འཛིན་བཟུང་ནས་སྐྱེ་བོ་དེ་དག་ལ་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཞིག་རེད་ཅེས་བལ་ཡུལ་གྱི་ཉེན་རྟོག་མི་སྣས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཤད་འདུག

༢ རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློ་ཚད་གསར་པ་སྟེ། ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་ཀྱི་ནད་ཡམས་དེ་ཉིད་ད་ལྟ་རྒྱ་ནག་གི་ཝུ་ཧན་ས་ཁུལ་གཙོ་བོར་གྱུར་པའི་ཞིང་ཆེན་༢༠་རྩ་གྲངས་ཤིག་ལ་ཁྱབ་ཡོད་ཅིང་། ཁ་སང་སྤྱི་ཚེས་༢༢་ཀྱི་མཚན་གུང་གི་ཆུ་ཚོད་༡༢་བར་དུ་རྒྱ་ནག་ལ་གློ་ཚད་གསར་པའི་ནད་ཡམས་འདི་ཕོག་ཡོད་པའི་མིའི་གྲངས་འབོར་༥༧༡་ལོངས་ཡོད་ཅིང་། ནད་ཡམས་འདིའི་རྐྱེན་གྱིས་མི་༡༧་འདས་གྲོངས་སུ་ཕྱིན་པ་བཅས་ཀྱི་གནས་ཚུལ་ཐོན། འདས་གྲོངས་སུ་ཕྱིན་པའི་མི་ཚང་མ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཡིན་པར་མ་ཟད། ད་ལྟ་གློ་ཚད་ཀྱི་ནད་ཡམས་འདི་བྱུང་ནས་ཉིན་ཁ་ཤས་ཤིག་འགོར་རུང་རྒྱ་ནག་གཞུང་གིས་ཐོག་མ་ནས་ནད་ཡམས་འདི་སྔོན་འགོག་བྱ་རྒྱུ་དམ་འཛིན་ནན་པོ་ཞིག་མ་བྱས་པར་གློ་ཚད་ཀྱི་འགོས་ནད་སྐོར་དྲྭ་ལམ་དུ་ཁྱབ་སྤེལ་བྱེད་མཁན་ཁག་ཅིག་ལ་དཀྲོག་གཏམ་སྤེལ་མཁན་གྱི་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་འདུག

ཉེ་ཆར་འགོས་ནད་འདི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་བརྒྱུད་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ས་གནས། ལྷོ་ཀོ་རི་ཡི་དང་ཉི་ཧོང་། ཐེ་ལན་ཌི། ཧོང་ཀོང་དང་དང་ཨོ་མོན་བཅས་སུ་ནད་འདི་ཕོག་ཡོད་མཁན་བྱུང་ཞིང་། ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་ནང་དུའང་ནད་འདི་ཕོག་མཁན་ཞིག་བྱུང་ཡོད་པ་རྩད་གཅོད་ཐུབ་འདུག འདི་ལྟར་ཝུ་ཧན་ནས་གློ་ཚད་ཀྱི་ནད་འདི་འགོས་ཁྱབ་ཚབས་ཆེ་རུ་སོང་བ་དང་བསྟུན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྱང་བསྐྱར་དུ་ཛ་དྲག་གི་ཚོགས་འདུ་ཚོགས། དེར་བརྟེན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྱང་རིམས་ནད་གསར་པ་འདིའི་ཐད་ཆེད་དུ་གསར་འགོད་ལྷན་ཚོགས་བསྡུས། ཁ་སང་སྤྱི་ཚེས་༢༢་ཉིན་གྱི་ཞོགས་པ་ནས་ནད་གཞི་འདི་ཐོག་མར་ཁྱབ་སའི་ཝུ་ཧན་གྲོང་ཁྱེར་ཡོངས་སུ་བཀག་སྡོམ་བྱས་ཏེ་གྲོང་ཁྱེར་དེའི་ནང་གི་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་མི་ཆོག་པ་དང་གྲོང་ཁྱེར་གྱི་སྤྱི་འཁོར། དོང་འཁོར་སོགས་ཀྱི་འགྲུལ་སྐྱོད་ཡོངས་སུ་མཚམས་འཇོག་བྱེད་དུ་བཅུག་ཅིང་། དེ་རིང་སྤྱི་ཚེས་༢༣་གྱི་མཚན་གུང་ནས་བཟུང་སྟེ་གྲོང་ཁྱེར་ཝུ་ཧན་གྱི་ཐག་ཉེ་སའི་གྲོང་ཁྱེར་ཧོང་ཀང་དང་ཨིག་ཀྲུག་གཉིས་ལ་མི་ཕར་འགྲོ་ཚུར་འགྲོ་བྱེད་མི་ཆོག་པའི་ཐག་གཅོད་བྱས་འདུག ཡིན་ནའང་འདིའི་ཐད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མི་འབོར་ཁྲི་ཆིག་སྟོང་ལྷག་བརྒལ་བའི་གྲོང་ཁྱེར་ཞིག་ནད་དུག་ལ་བརྟེན་ནས་ཡོངས་སུ་བཀག་སྡོམ་བྱས་པ་ནི་བློ་ཡུལ་ལས་འདས་པའི་གནས་ཚུལ་གསར་པ་ཞིག་ཡིན་ཞིང་། ད་སྔ་ནད་དུག་སྔོན་འགོག་བྱེད་ཐུབ་མིན་ནི་དོགས་པ་བྱ་ཡུལ་ཞིག་དང་། བྱེད་ཐབས་འདི་བྱེད་ཐབས་ལེགས་པོ་ཞིག་ཡིན་མིན་ཐེ་ཚོམ་རེད་ཅེས་བཤད་འདུག

ད་ལྟ་ཝུ་ཧན་གྱི་གློ་ཚད་གསར་པ་འདི་བོད་པ་འདུས་སྡོད་བྱ་ཡུལ་གྱི་ས་གནས་ཁག་ལ་འགོས་ཁྱབ་བྱུང་བའི་གནས་ཚུལ་བྱུང་མེད་ཀྱང་སྐད་འཕྲིན་སོགས་དྲྭ་ལམ་ཁག་ཏུ་གློ་ཚད་གསར་པའི་རིམས་ནད་འདི་སྔོན་འགོག་བྱ་ཐབས་ལ་བོད་པ་དང་བླངས་པ་ཚོས་ཡི་གེ་དང་སྒྲ་སྐད་གཉིས་ཀ་བརྒྱུད་ནས་མི་དམངས་ལ་གོ་རྟོགས་སྤེལ་བཞིན་འདུག བོད་ཀྱི་ཨེ་འགོག་རང་འདུན་པ་ཆོས་དཔལ་བཟང་པོས་གློ་ཚད་གསར་པ་སྔོན་འགོག་བྱེད་ཐབས་ཀྱི་སྐད་འཕྲིན་དང་པོད་འཕྲིན་གྱི་བརྒྱུད་ལམ་དུ་གློ་ཚད་གསར་པའི་ནད་དུག་འདིའི་འབྱུང་རྐྱེན་དང་། ནད་དུག་གི་འགོ་ལམ། ནད་དུག་འདི་སྔོན་འགོག་བྱེད་ཐབས། ནད་དུག་འདི་ཕོག་ན་ནད་རྟགས་གང་དག་འཐོན་གྱི་ཡོད་མེད་དང་བརྟག་དཔྱད་བྱ་ཐབས། སྨན་བཅོས་བྱ་ཐབས་བཅས་སོགས་ངོ་སྤྲོད་རྒྱས་པ་ཞིག་བྱས་ཡོད་པར་བོད་པ་མང་པོས་དོ་སྣང་བྱེད་བཞིན་ཡོད་པ་དང་། གཞན་ལྷ་ས་གཙོས་ས་ཁུལ་མང་དག་ཅིག་གི་སྨན་ཁང་ཁག་ཏུའང་གློ་ཚད་གསར་པའི་ནད་ཡམས་འདི་སྔོན་འགོག་དང་སྨན་བཅོས་བྱ་ཐབས་སོགས་ལ་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་དྲ་ལམ་དུ་གསར་འགྱུར་སྤེལ་འདུག

༣ ཁ་སང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུ་རོབ་མཉམ་འབྲེལ་གྱིས་ད་ལྟའི་བར་དུ་ནར་འགྱངས་བཏང་བའི་ཚོང་ལས་ཀྱི་གྲོས་མཐུན་ཁག་ལ་གང་མགྱོགས་མིང་རྟགས་མ་བཀོད་ཚེ། ཁོ་པས་མ་འོངས་པར་ཡུ་རོབ་ནས་ཨ་མི་རི་ཀར་ནང་འདྲེན་བྱ་རྒྱུའི་རླངས་འཁོར་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་རྒྱུ་ཡིན། ཡུ་རོབ་མཉམ་འབྲེལ་ལ་ཚོང་ལས་གཉེར་རྒྱུ་ནི་རྒྱ་ནག་ལ་ཚོང་ལས་གཉེར་གྱི་ཡོད་པ་ལས་ཀྱང་དཀའ་ངལ་ཆེ་བ་འདུག་ཅེས་བཤད། གསར་འགྱུར་འདིས་ཉེ་ཆར་ཨ་རི་དང་རྒྱ་ནག་གིས་ཚོང་ལས་གྲོས་མཐུན་རིམ་པ་དང་པོར་མིང་རྟགས་བཀོད་པའི་རྗེས་སུ་ཡུ་རོབ་མཉམ་འབྲེལ་ལ་ཚོང་ལས་ཀྱི་རྩོད་པ་རྒྱག་རྒྱུ་མགོ་བརྩམས་ཡོད་པའི་ངོས་འཛིན་བྱེད་བཞིན་པ་རེད།

༤ ཨོ་སི་ཊི་རི་ལི་ཡའི་རང་བྱུང་ནགས་ཚལ་ལ་མེ་སྐྱོན་འབྱུང་བཞིན་པར་མེ་གསོད་བྱེད་ཀྱི་ཆུ་འདྲེན་གནམ་གྲུ་ཞིག་ཨོ་སི་ཊི་རི་ལི་ཡའི་རྒྱལ་ས་དང་བར་ཐག་སྤྱི་ལེ་༡༡༠་ཡས་མས་ཤིག་གི་མཚམས་སུ་ཆགས་པའི་སཱི་ནོ་མོ་ན་རོ་ཞེས་པའི་ས་ཁུལ་དུ་ལྷུང་སྟེ་གནམ་གྲུའི་ནང་གི་ལས་མི་༣་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཨོི་སི་ཊི་ལི་ཡའི་ཝེ་ཨར་ཧྲི་མངའ་སྡེའི་མེ་གསོད་ལས་ཁང་གིས་གསལ་བསྒྲགས་བྱས་འདུག ས་རུ་ལྷུང་བའི་གནམ་གྲུ་དེ་ནི་ཁེ་ན་ཌས་བཟོས་པ་ཞིག་དང་གནམ་གྲུའི་ནང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རྣམས་ནི་ཨ་རི་བ་རེད་ཅེས་གསར་འགྱུར་དུ་འཁོད་འདུག

གནམ་གྲུ་ས་ལ་ལྷུང་བའི་རྒྱུ་རྐྱེན་ཅི་ཡིན་ད་དུང་ཐག་གཅོད་བྱེད་ཐུབ་མེད་ཅིང་། ན་ནིང་སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༩་པ་ནས་བཟུང་སྟེ་ཨོ་སི་ཊི་ལི་ཡའི་རང་བྱུང་ནགས་ཚལ་ལ་མེ་སྐྱོན་བྱུང་ནས་ད་ལྟའི་བར་དུ་ཁྱོན་བསྡོམས་མི་གྲངས་༢༩་ཚེ་སྲོག་ཤོིར། རི་སྐྱེས་སྲོག་ཆགས་དུང་ཕྱུར་༡༠་མེ་རུ་འཚིག་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་ལ། ཁང་ཁྱིམ་༢༥༠༠་མེ་རུ་འཚིག མེ་སྐྱོན་ཤོར་པའི་ས་ཁྱོན་དེ་འཇར་མན་རྒྱལ་ཁབ་ཡོངས་ཀྱི་སུམ་ཆའི་གཅིག་ཡོད། ད་སྔ་དཔལ་འབྱོར་གྱི་གྱོང་གུད་ཐེབས་པའི་ཚད་དེ་ཨོ་སི་ཊི་རི་ལི་ཡའི་སྒོར་མོ་དུང་ཕྱུར་༥༠་སྟེ། ཨ་སྒོར་དུང་ཕྱུར་༣༠་ཡས་མས་ཤིག་གི་གྱོང་གུད་ཕོག་ཡོད་པ་རེད།

༥ འཇར་མན་རྒྱལ་ཁབ་ཏུ་བཙུགས་པའི་ཁུང་ཙིའི་སློབ་གླིང་ཁག་ལ་འཇར་མན་གྱི་མི་མང་གིས་སྐྱོན་བརྗོད་བྱ་རྒྱུའི་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། རྒྱལ་ཁབ་དེར་ཚུགས་པའི་ཁུང་ཙིའི་སློབ་གླིང་ཁག་ནི་རྒྱ་ནག་གུང་ཁྲན་ཏང་གིས་འཇར་མན་མི་དམངས་ཀྱིས་ཁྲལ་སྤྲད་པའི་དངུལ་སྒོར་སྤྱད་ནས་རྒྱ་ནག་གཞུང་ལ་ཁྱབ་བསྒྲགས་བྱེད་རོགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག འཇར་མན་གྱི་གྲོས་ཚོགས་འཐུས་མི་ཇཱན་སི་བྷི་རན་ཌི་བྷིར་གྷི་ཞེས་པ་ཞིག་གིས་འཇར་མན་གྲོས་ཚོགས་སུ་དེའི་ཐད་དུ་གླེང་སློང་བྱས་ནས་ང་ཚོས་མི་དམངས་ཀྱིས་ཁྲལ་སྤྲད་པའི་སྒོར་མོ་སྤྱད་ནས་རྒྱ་ནག་གཞུང་ལ་ཆབ་སྲིད་དྲིལ་སྒྲོག་བྱ་རྒྱུའི་སྡིངས་ཆ་ཞིག་སྤྲོད་དགོས་དོན་མེད། འཇར་མན་གྱི་སློབ་ཆེན་ཁག་ཏུ་གནས་ཚུལ་འདི་དག་འབྱུང་བཞིན་པ་ནི་ཧ་ཅང་མི་རུང་བ་ཞིག་རེད་ཅེས་བཤད་འདུག འདིའི་ཐད་འཇར་མན་སློབ་གསོའི་ལས་དོན་ལྷན་ཁང་གིས་ཀྱང་ཞིབ་བཤེར་བྱས་ཏེ། ད་སྔ་འཇར་མན་རྒྱལ་ཁབ་ཡོངས་སུ་ཁུང་ཙིའི་སློབ་གླིང་༡༩་ཡོད་པ་དང་། སློབ་གླིང་དེ་དག་གིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཕྱི་འབྲེལ་གྱི་ལས་དོན་ཞིག་སྤེལ་ནས་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་རྒྱ་བསྐྱེད་རྒྱུར་ནུས་པ་ཆེན་པོ་ཞིག་ཐོན་གྱི་ཡོད་པའི་ངོས་འཛིན་བྱས་འདུག རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཞེས་པ་ནི་ཐོག་མར་སྤྱི་ལོི་༢༠༠༤་ལོར་བཙུགས། སློབ་གླིང་འདིའི་ལས་ཁུངས་གཙོ་བོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་ཅིང་། ལས་ཁུངས་འདིའི་འགན་དབང་གཙོ་བོ་ནི་རྒྱ་ནག་གི་རྒྱའི་སྐད་ཡིག་རྒྱལ་སྤྱིའི་ཐོག་ཏུ་དར་སྤེལ་གཏོང་མཁན་གྱི་འགོ་ཁྲིད་ལྷན་ཚོགས་ལས་ཁང་ལ་གཏོགས། འདི་ནི་རྒྱ་ནག་དབུས་གཞུང་སློབ་གསོ་ལས་ཁུངས་ཀྱི་ཁོངས་གཏོགས་ཀྱི་སྡེ་ཚན་ཞིག་དང་འཛམ་གླིང་ས་ཆ་གང་སར་བཙུགས་ཡོད་པའི་རྒྱ་ནག་གི་རིག་གནས་སྡེ་ཚན་ཞིག་ཡིན། སྤྱི་ལོ་༢༠༡༨་ལོའི་ཕྱི་ཟླ་༡༢་པ་བར་དུ་རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་ཁབ་༡༥༤་ནང་དུ་ཁུང་ཙིའི་སློབ་གླིང་ལྔ་༥༤༨་བཙུགས། སློབ་གླིང་འདི་དག་ལ་ཞུགས་མྱོང་མཁན་གྱི་སློབ་ཕྲུག་གི་གྲངས་འབོར་ཁྲི་བརྒྱ་དང་བརྒྱད་ཅུ་གྱ་བདུན་ཟིན། སློབ་གླིང་ཞིག་འཛུགས་རྒྱུར་རྒྱ་ནག་གཞུང་གིས་ལོི་རེར་ཨ་སྒོར་ཁྲི་བཅུ་རེ་བཅས་ལོ་ལྔར་ཁྱོན་ཨ་སྒོར་ཁྲི་ལྔ་བཅུ་རེ་སྤྲོད། དེའི་རྗེས་སུ་རང་ཁ་རང་གསོི་ཐུབ་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རྣམས་རྒྱ་ནག་གཞུང་གིས་གསལ་བཤད་བྱས་འདུག ཡིན་ནའང་སྤྱི་ལོ༢༠༡༨་ལོར་ཨ་རིའི་གྲོས་ཚོགས་སོགས་ཀྱིས་རྒྱ་ནག་གཞུང་གིས་ཁུང་ཙིའི་སློབ་གླིང་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཁག་ལ་གསང་ཉུལ་བཏང་ནས་ལས་དོན་སྒྲུབ་ཏུ་འཇུག་གི་ཡོད་པ་སོགས་ཀྱི་གླེང་སློང་བྱུང་བར་བརྟེན། ད་སྔ་ཨ་རིའི་ནང་དུ་སློབ་གླིང་བཅུ་གྲངས་ཤིག་སྒོ་བརྒྱབ། དེ་བཞིན་ཨོ་སི་ཊི་རི་ལི་ཡ་སོགས་རྒྱལ་ཁབ་གཞན་ཁག་གིས་ཀྱང་རང་རང་གི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་དོགས་གཞིོའི་འོག་ཏུ་ཁུང་ཙིའི་སློབ་གླིང་རྣམས་སྒོ་རྒྱག་བཞིན་ཡོད་པ་དང་། ཉེ་ཆར་ཨ་རིར་བཙུགས་པའི་ཁུང་ཙིའི་སློབ་གླིང་ཐོག་མ་སྟེ། མཱེ་རི་ལན་ཌི་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་སྒོ་རྒྱག་རྒྱུའི་ཐག་བཅད་ཡོད་པ་རེད།

༦ ཉེ་ཆར་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་མེཀ་སི་ཀོས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་གུ་ཨ་ཊི་མ་ལ་དང་ཧོང་དྷུ་ར་སི། ཨལ་ས་ཝར་དྷོ་བཅས་ནས་ཡོང་བའི་ཡུལ་མི་གནས་སྤོར་བ་༢༠༠༠་ཙམ་འཛིན་བཟུང་བྱས་ཡོད་པའི་ཁྱབ་བསྒྲགས་བྱས་འདུག མི་ཚོགས་དེ་རང་རང་གི་རྒྱལ་ཁབ་ཁག་ཏུ་འཚོ་བའི་མཐུན་རྐྱེན་ཞན་པ་དང་དྲག་སྤྱོད་རུ་ཚོགས་སོགས་མང་བའི་སྟབས་ཀྱིས་བདེ་འཇགས་མེད་པར་་མེཀ་སི་ཀོ་བརྒྱུད་ཨ་མི་རི་ཀར་སྐྱབས་བཅོལ་དུ་ཡོང་གི་ཡོད་པ་རེད།

༧ འཛམ་གླིང་སྟེང་གི་གློག་ཤུགས་ཀྱིས་བསྐོར་བཞིན་པའི་རླངས་འཁོར་མིང་གྲགས་ཆེ་ཤོས་ཏེ། ཊེ་སི་ལར་ཞེས་པའི་རླངས་འཁོར་དེའི་ཁྲོམ་རའི་རིན་གོང་ནི་ཨ་སྒོར་དུང་ཕྱུར་ཆིག་སྟོང་ལྷག་བརྒལ་ནས་འཛམ་གླིང་གི་ཁྲོམ་རའི་རིན་གོང་གི་ཚད་མཐོ་ཤོས་ཨང་གཉིས་པར་སླེབས། ཉེ་ཆར་ཊེ་སི་ལར་བཟོ་ཚོང་ཁང་གི་མ་རྐང་གི་རིན་གོང་ཡང་བརྒྱ་ཆ་དྲུག་དང་གྲངས་ཆུང་༢༥་འཕར་ཡོད་པ་རེད། ཊེ་སི་ལར་གློག་ཤུགས་རླངས་འཁོར་ནི་ལྷོ་ཨ་ཧྥི་རི་ཀ་དང་ཨ་རི། ཁེ་ན་ཌ་བཅས་ཀྱི་སྤྱི་དམངས་ཨེ་ལོན་མཱ་སི་ཁི་ཞེས་པ་ཞིག་གིས་གསར་བཟོ་བྱས་ཤིང་། འཛམ་གླིང་གི་གློག་ཤུགས་གཅིག་པུས་འཁོར་སྐྱོད་བྱེད་བཞིན་པའི་རླངས་འཁོར་ཐོག་མ་དེ་ཡིན་པ་རེད།

XS
SM
MD
LG