ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་བུའུ་ཧན་གྱི་གློ་བའི་རིམས་ནད་ཁྱབ་ཚད་ཆེ་རུ་ཕྱིན་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་རྒྱ་ནག་བུའུ་ཧན་ནས་འགོས་ཁྱབ་བྱུང་བའི་གློི་བའི་རིམས་ནད་དེ་ད་ལྟ་རྒྱ་ནག་གི་ཞིང་ཆེན་བཅུ་གྲངས་ཤིག་གི་ནང་དུ་ཁྱབ་ཡོད་ཅིང་། དེ་རིང་སྤྱི་ཟླ་དང་པོའི་ཚེས་ཉེར་གཉིས་ཀྱི་ཕྱི་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀ་བར་དུ་རྒྱ་ནག་ཏུ་གློ་བའི་རིམས་ནད་དེ་འགོས་ཁྱབ་ཡོད་པར་གཏན་འཁེལ་བྱུང་བའི་མི་བཞི་བརྒྱ་དང་དྲུག་བཅུ་རེ་དགུ་ཡོད་པ་དང་། ནད་དེ་ཕོག་ཡོད་པར་དོགས་པ་བྱེད་བཞིན་པའི་མི་བརྒྱ་དང་ཞེ་གསུམ། དྲག་སྐྱེད་བྱུང་བ་ཉི་ཤུ་རྩ་ལྔ་དང་། རིམས་ནད་དེ་ཕོག་ནས་འདས་གྲོངས་སུ་ཕྱིན་པ་མི་དགུ་ཡོད་པ་བཅས་ཀྱི་གནས་ཚུལ་རྒྱ་ནག་གི་ཏིན་ཞྰང་ཡོན་ཅེས་པའི་ཆེད་ལས་སྨན་བཅོས་འཕྲོད་བསྟེན་གྱི་དྲ་ཚིགས་སྟེང་ཁྱབ་བསྒྲགས་བྱས་ཡོད་ཅིང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་དེ་རིང་རིམས་ནད་དེའི་ཐད་གསར་འགོད་ལྷན་ཚོགས་འཚོགས་པའི་སྐབས་སུ། གློ་བའི་རིམས་ནད་དེ་གཙོ་བོ་མིའི་དབུགས་གཏོང་ལེན་བྱ་སའི་དབུགས་ལམ་བརྒྱུད་ནས་འགོས་ཁྱབ་དུ་འགྲོ་བཞིན་པ་དང་། ནད་དུག་དེའི་ངོ་བོར་འགྱུར་ལྡོག་བྱུང་སྲིད་པ་མ་ཟད་ནད་དེ་འགོས་ཁྱབ་ཏུ་འགྲོ་རྒྱུའི་ཚད་མཐོ་རུ་འགྲོ་རྒྱུའི་ཉེན་ཁ་ཡང་འདུག་ཅེས་བཤད་འདུག ཉེ་ཆར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་རྒྱ་ནག་གཞུང་གིས་རིམས་ནད་འདི་འགོས་ཁྱབ་བྱུང་ཡོད་པའི་མིའི་གྲངས་ཀ་དངོས་དེ་གསང་བ་བྱེད་བཞིན་ཡོད་པ་དང་། དོན་དངོས་ཐོག་མི་གྲངས་ཉིས་སྟོང་ལྷག་ལ་ནད་དེ་འགོས་ཁྱབ་བྱུང་ཡོད་པའི་སྙན་ཐོ་ཡོད་པའི་སྐོར་ནས་དེ་རིང་རྒྱ་ནག་དབུས་རིམས་ནད་སྔོན་འགོག་སྡེ་ཚན་གྱི་མགོ་ཁྲིད་ཀྰོ་ཧྥུའུ་ཅེས་པར་དྲི་བ་བཏོན་འདུག་ནའང་། ཁོས་དངོས་ཡོད་གནས་ཚུལ་དེ་ལྟ་བུ་མ་རེད་ཅེས་ངོས་ལེན་བྱས་མི་འདུག ཟླ་འདིའི་སྤྱི་ཚེས་ཉི་ཤུའི་ཉིན་རྒྱ་ནག་བུའུ་ཧན་གྱི་སྨན་ཁང་ཞིག་གི་ནང་དུ་གློ་བའི་རིམས་ནད་བྱུང་མཁན་ཞིག་བརྒྱུད་ནས་སྨན་ཁང་དེའི་སྨན་པ་དང་སྨན་ཞབས་པ་མི་བཅོ་ལྔ་ལ་སྡེབ་གཅིག་ཏུ་རིམས་ནད་དེ་འགོས་ཡོད་པའི་གནས་ཚུལ་བྱུང་བའི་སྟབས་ཀྱིས་རིམས་ནད་དེའི་འགོས་ཚད་ཁྱབ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་བཞིན་པ་དང་། རྒྱ་ནག་གི་མི་གྲངས་ལ་དཔག་ཚེ་འགོས་ནད་དེ་ཕོག་ཡོད་མཁན་གྱི་མིའི་གྲངས་འབོར་ཡང་གཞུང་གིས་ཁྱབ་བསྒྲགས་བྱེད་བཞིན་པ་ལས་མང་བ་ཡོད་སྲིད་པའི་ཚོད་དཔག་བྱེད་བཞིན་པ་རེད། ད་ལྟ་རྒྱ་ནག་ཏུ་ལོ་སར་གྱི་དུས་སྟོན་སླེབས་རྒྱུར་ཉིན་གསུམ་ལས་མེད་པའི་སྟབས་ཀྱིས་ཕྱོགས་ཡར་མར་གྱི་ལ་འགྲུལ་སྐྱོད་བྱེད་མཁན་གྱི་མི་འབོར་ཧ་ཅང་མང་བ་ཡང་གློ་བའི་རིམས་ནད་འདི་སྔོན་འགོག་བྱ་རྒྱུུའི་ཐད་ཀྱི་དཀའ་ངལ་འཕར་མ་ཞིག་ཆགས་ཡོད་པ་དང་། ད་ལྟ་རྒྱ་ནག་གཞུང་འབྲེལ་གྱིས་གྲོང་ཁྱེར་བུའུ་ཧན་ནས་ཕར་ཚུར་འགྲུལ་སྐྱོད་བྱ་རྒྱུར་ཚོད་འཛིན་ལྟ་རྟོག་བྱ་རྒྱུའི་མགོ་བཙུགས་ཡོད་པ་དང་། རྒྱ་ནག་གྲོང་ཁྱེར་པེ་ཅིན་དང་ཧྲང་ཧེ། ཀོང་ཀྲིག་བཅས་ནས་ལོ་སར་ལ་བུའུ་ཧན་དུ་ལོག་མཁན་མང་པོ་ཞིག་གིས་གནམ་གྲུའི་འཛིན་བྱང་མང་པོི་ཕྱིར་སློག་ཡོད་པའི་གནས་ཚུལ་ཡང་བྱུང་འདུག ད་ལྟ་རྒྱ་ནག་བུའུ་ཧན་ནས་ཁྱབ་པའི་གློ་བའི་འགོས་ནད་དེ་ལྷོ་ཁོ་རི་ཡ་དང་ཉི་ཧོང་། ཐེ་ལན་དི། ཐེ་ཝན། ཧོང་ཁོང་དང་ཨོ་མོན་བཅས་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་ཅིག་གི་ནང་དུ་ན་ཚ་དེ་ཁྱབ་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། ཉེ་ཆར་ཨ་རིའི་ཝ་ཤིན་ཊོན་མངའ་སྡེའི་ནང་དུའང་ནད་དེ་ཕོག་ཡོད་མཁན་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། དེ་བས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ནས་ཡོང་མཁན་དང་ཁྱད་པར་དུ་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་ཡོང་མཁན་དག་ལ་གནམ་ཐང་ནས་ཆེད་དུ་བརྟག་དཔྱད་བྱེད་བཞིན་པ་དང་། གཞན་ཐེ་ཝན་གྱིས་རྒྱ་ནག་བུའུ་ཧན་ནས་ཐེ་ཝན་དུ་གནམ་གྲུ་འཕུར་བསྐྱོད་བྱ་རྒྱུར་ཚོད་འཛིན་བྱས་ཟིན་པ་དང་། དེ་བཞིན་བྱང་ཁོ་རི་ཡ་རུ་ཟླ་འདིའི་སྤྱི་ཚེས་ཉི་ཤུའི་ཉིན་གློ་བུར་དུ་གསལ་བསྒྲགས་སྤེལ་ནས་རྒྱ་ནག་གི་མི་བྱང་ཁོ་རི་ཡའི་འགྲོ་བསྐྱོད་བྱ་རྒྱུ་དུས་ཡུན་ངེས་མེད་ཀྱི་ནང་ཡོངས་སུ་མཚམས་འཇོག་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། རྒྱ་ནག་ཏུ་ཁྱབ་བཞིོན་པའི་གློ་བའི་རིམས་ནད་དེ་ལ་འགོག་སྨན་ཞིག་གསར་བཟོ་མ་བྱས་བར་དུ་རྒྱ་ནག་གི་མི་སོ་སོའི་རྒྱལ་ཁབ་ནང་འགྲོི་བསྐྱོད་བྱེད་དུ་མི་འཇུག་རྒྱུའི་ཐག་གཅོད་བྱས་འདུག བྱང་ཁོ་རི་ཡ་ལ་མཚོན་ན་དུས་ཡུན་རིང་བོར་རྒྱལ་ཁབ་མང་པོས་དཔལ་འབྱོར་གྱི་ཉེས་ཆད་བཅད་པའི་སྟབས་ཀྱིས་སྨན་བཅོས་འཕྲོད་བསྟེན་གྱི་མཐུན་རྐྱེན་ཞན་པོ་ཡིན་པའི་སྟབས་ཀྱིས་རྒྱ་ནག་ནས་འགྲོ་སྐྱོད་བྱེད་མཁན་ཡོངས་སུ་བཀག་འགོག་བྱེད་རྒྱུ་ནི་ཐབས་ལམ་ཡག་ཤོས་དེ་ཡིན་པའི་ངོས་འཛིན་བྱེད་བཞིན་པ་རེད་ལ། ད་ལྟ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་རྒྱ་ནག་ནང་ཁྱབ་བཞིན་པའི་གློ་བའི་རིམས་ནད་འདིའི་ཐད་ཛ་དྲག་གི་ཚོགས་འདུ་འཚོགས་ནས་འཛམ་གླིང་གང་སའི་སྨན་ཁང་དག་ལ་ཉེན་བརྡ་གཏོང་བཞིན་པ་རེད།

XS
SM
MD
LG