ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༣/༡༢/༠༡

བོད་ནང་མགྱོགས་འཕྲིན་རྩེད་མཁན་ཚོ་ཉེན་རྟོག་ལས་ཁུངས་སུ་འབོད་འགུག་བྱས་པ།


༄༅ །དེང་སྐབས་བོད་ནང་དར་ཁྱབ་ཆེ་བའི་རྒྱ་སྐད་དུ་ཁེ་ཧྲུག་དང་བོད་སྐད་དུ་མགྱོགས་འཕྲིན་ཞེས་པ་དེ་བོད་ནང་གི་བོད་མི་མང་པོ་ཞིག་གིས་བེད་སྤྱོད་ཀྱི་ཁ་བརྡ་བྱེད་པ་དང་རྩེད་མོ་རྩེ་བ། རྒྱན་འཇོག་བྱེད་པ་སོགས་དར་ཁྱབ་ཧ་ཅང་ཆེ་བ་མ་ཟད་། མགྱོགས་འཕྲིན་དེ་བརྒྱུད་ནས་ཚོང་ལས་ཀྱི་རིགས་གཉེར་དེ་དཔལ་འབྱོར་འཚོལ་མཁན་ཡང་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ནའང་། བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལ། ཉེ་སྔོན་མགྱོགས་འཕྲིན་རྩེད་མཁན་བོད་མི་ཁག་ཅིག་ས་གནས་སོ་སོའི་རྫོང་ལས་ཁུངས་སུ་འབོད་འགུག་གིས་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སློབ་གསོ་སྤེལ་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག་པ་དང་། དེ་ཡང་་ཁོང་གིས་མུ་མཐུད་བརྗོད་དོན་ལྟར་ན་ཁོའི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ཀྱི་ཁུལ་དང་རྫོང་སོ་སོའི་ནང་མགྱོགས་འཕྲིན་རྩེད་མཁན་དང་ལྟ་ཉན་བྱེད་མཁན་མི་མང་པོ་ཡོད་པའི་ཁོངས་ནས་བོད་མི་ཁ་ཤས་ཤིག་རྫོང་ལས་ཁུངས་སུ་འབོད་འགུག་གིས་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་སྲུང་བྱེད་དགོས་ལུགས་དང་། སོ་སོའི་ཁ་དང་སྤྱོད་པ་ལ་བདག་པོ་མ་རྒྱབ་ཚེ་ཁྲིམས་འགལ་ནག་ཉེས་ཕོགས་སྲིད་པའི་འཇིག་སྐུལ་གྱི་ཉེན་བརྡ་ཡང་བཏང་འདུག སྦྱིར་མགྱོགས་འཕྲིན་རྩེད་མཁན་བོད་མི་གཅིག་པུ་ག་ལ་ཡིན་མོད། དེ་ལྟར་དྲ་ལམ་ནས་ཁ་བརྡ་དང་རྩེད་མོ་ཞིག་རྩེ་ནའང་རྒྱལ་ཁབ་ཀྱི་ཆ་རྐྱེན་མང་པོ་ཞིག་བཏོན་དེ་སྨྲ་བརྗོད་རང་དབང་ལ་ཡང་ཉེན་བརྡ་དང་བཀག་འགོག་བྱེད་བཞིན་འདུག་པས་རང་དབང་གང་ཡང་མེད་པ་དང་ཆབས་ཅིག སྤྱི་ཚོགས་དྲ་ལམ་ཁག་ཏུ་འདྲ་པར་དང་བཅས་གནས་ཚུལ་སྤེལ་དོན་ལྟར་ན་ སྤྱི་ཟླ༡པོའི་ཚེས༨ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་དྲིལ་བསྒྲགས་ཚན་པ་དང་རྫོང་དྲིལ་བསྒྲགས་ཚན་པ། རྫོང་རིག་གནས་ཁྲིམས་བསྟར་རུ་ཆེན་སོགས་ལ་མཉམ་འབྲེལ་བྱས་ཏེ་ཁུལ་ཡོངས་ཀྱི་མགྱོགས་འཕྲིན་ཁྲོད་དུ་ཤུགས་རྐྱེན་ཅུང་ཆེ་བའི་ཡོངས་གྲགས་སུ་རྟ་མགྲིན་དང་ཧུའུ་ཙི་གུ་མཚོ་སྔོན་བརྟན་མཚོ་སོགས་ལ་དུས་རྒྱུན་ལྟ་ཉན་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དེ་དག་ལས་ཁུངས་སུ་འབོད་འགུག་གིས་ཁྲིམས་ཀྱི་སློབ་གསོ་དང་རྗེས་སུ་ཐད་གཏོང་བྱེད་དུས་ཁྲིམས་ལ་བརྩི་སྲུང་བྱེད་དགོས་ལུགས་དང་། གལ་ཏེ་ཐད་གཏོང་གི་སྐབས་སུ་ཁྲིམས་དང་འགལ་བའི་སྤྱོད་པ་སྤེལ་པ་ཤེས་རྟོགས་བྱུང་ན་ཁྲིམས་ལྟར་ལག་བསྟར་བྱེད་རྒྱུ་ཡིན་པ་མ་ཟད། གནས་ཚུལ་ཚབས་ཆེན་ཡིན་ན་ཁྲིམས་ཀྱི་འགན་འཁྲི་འགེལ་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་ཡོད་འདུག སྤྱི་བདེ་ལས་ཁུངས་ཀྱིས་ཐེངས་འདིར་སློབ་གསོ་གཏོང་ཡུལ་གྱི་ཐད་གཏོང་བ་དག་ལ་ཡིག་ཚགས་བཟོས་པ་མ་ཟད། མཉམ་འབྲེལ་དྲ་རྒྱའི་ཐད་གཏོང་ཞབས་ཞུའི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དུ་བཅུག་ཡོད་སྐོར་ཡང་གསལ་འདུག གཞན་ཡང་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་ཡིག་ཐོག་གནས་ཚུལ་ཞིག་བཏང་འབྱོར་བྱུང་བའི་ནང་བཀོད་དོན། སྦྱིར་བོད་མི་ཚོར་ཆབ་སྲིད་ཀྱི་གནད་དོན་སྐོར་ནས་ཧ་ཅང་དོགས་ཟོན་ནན་མོ་ཡིན་པ་དང་དུས་རྒྱུན་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཅུང་ཆེ་བའི་མི་རྣམས་ལ་རྒྱལ་ཁབ་ཀྱི་ཉེན་བརྡ་གཏོང་གི་ཡོད་པ་ནི་ད་ལམ་གཅིག་པུ་མ་རེད། དཔེར་ན་ཚོར་བ་རྣོ་བའི་རྩོམ་ཡིག་འབྲི་མཁན་དང་ལ་རྒྱའི་གླུ་ཞིག་བླངས་ནའང་ཁྲིམས་ལ་སྦྱར་བའི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་རེད། འོན་ཀྱང་གནས་ཚུལ་འདི་དག་བོད་ཀྱི་ཕྱི་ལོགས་ནས་ཁྱབ་བསྒྲགས་བྱེད་པའི་ནུས་པ་ཐོན་པོ་ཡོད་པ་ལས་བོད་ནང་ནས་བསྒྲགས་པའི་རང་དབང་ཡོད་པ་མ་རེད་ཅེས་བཀོད་འདུག

XS
SM
MD
LG