རྒྱ་ནག་དུ་ཡོད་པའི་ཡེ་ཤུའི་ཆོས་ཁྲིད་མཁན་པོ་བང་ཡུས་ལ་ཉིན་འགའི་སྔོན་དུ་ས་གནས་གཞུང་གིས་དུས་ཡུན་ལོ་ངོ་དགུ་ཡི་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་ཨ་རི་དང་ཧོང་ཀོང་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་མུ་མཐུད་དུ་དོ་སྣང་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་དང་དེ་ལས་གཞན་པའི་ཆོས་ལུགས་ཀྱི་རྗེས་འཇུག་པ་དག་ལ་དྲག་གནོན་དང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་བྱས་འདུག རྒྱ་ནག་སྲིད་ཁྲིམས་ལྷན་ཁང་ནས་ཉེ་ཆར་སྤྱི་ཟླ་༡༢ ཚེས་༣༠ ཉིན་རྒྱལ་ཁབ་ཀྱི་སྲིད་གཞུང་མགོ་རྟིང་སློག་མཁན་དང་། ཁྲིམས་འགལ་གྱི་སྒོ་ནས་ལས་སྒོ་གཉེར་མཁན་ཞེས་པའི་ཉེས་མིང་བཏགས་ནས་ཡེ་ཤུའི་ཆོས་ཁྲིད་མཁན་པོ་བང་ཡིས་ལ་དུས་ཡུན་ལོ་ངོ་༩ ཡི་དུས་བཀག་ཉར་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། ཁོ་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཕྱི་ཉིན། ཁོས་ཡེ་ཤུའི་ཆོས་འཆད་ཉན་བྱེད་སའི་རྒྱ་ནག་ཁྲིན་ཏུའུ་ཆོས་ཚོགས་ནས་ངོ་དེབ་སྟེང་གསལ་བསྒྲགས་སྤེལ་ནས་ཆོས་ཁྲིད་མཁན་པོ་བང་ཡིས་ནས་ཁྲིམས་འགལ་གྱི་བྱ་བ་ཅི་ཡང་སྒྲུབ་མེད་པས། གཞུང་གིས་ཁོ་ལ་ཁྲིམས་ཐག་བཅད་པ་ནི་རྒྱ་ནག་གི་ཆོས་ཚོགས་དག་ལ་འདྲ་མཉམ་མིན་པའི་ཐོག་ནས་དྲག་གནོན་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག འདིའི་ཐད་ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་ཡིས། རྒྱ་ནག་གཞུང་གིས་བྰང་ཡིས་ལ་ཉེས་འདོགས་བྱས་པའི་རྒྱུ་མཚན་ཁ་གསལ་བོ་མེད་པ་མ་ཟད། ཁོ་ལ་ལྐོག་ནས་ཁྲིམས་གཅོད་བྱས་འདུག་ཅེས་དང་། ཁོ་རང་གི་ངོས་ནས་རྒྱ་ནག་གཞུང་གིས་བང་ཡུས་བཙོན་གྲོལ་གཏོང་རྒྱུ་དང་། དེ་མིན་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ལ་སོགས་པའི་ཆོས་ལུགས་གཞན་གྱི་རྗེས་འཇུག་པ་རྣམ་པས་དྲག་གནོན་བྱ་རྒྱུ་མཚམས་འཇོག་རོགས་ཅེས་ཁོ་རང་སྒེར་གྱི་ཁྲོས་ཁྲིར་དྲ་ངོས་སུ་འབོད་སྐུལ་ཞུས་འདུག