ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

གཟའ་ཕུར་བའི་གསར་འགྱུར་ཕྱོགས་བསྡུས།


༡ དེ་སྔོན་༡༩༥༩་ལོའི་ཕྱི་ཟླ་༥་ལྔ་པར་རྒྱ་གར་གྱི་ཀལ་ཀ་ཏ་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་མ་དེ་ཚོགས་ཡོད་ཅིང་། དེ་རིང་ས་ཁུལ་དེར་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་དེ་ཚོགས་ནས་ལོ་༦༠་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་པར་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེངསྒེ་དང་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་རྣམ་གཉིས་གཞུང་འབྲེལ་གྱིས་མཛད་སྒོ་དེར་མཉམ་ཞུགས་གནང་ནས་གཏམ་བཤད་གནང་འདུག

༢ ཁ་སང་ནི་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཕལ་མོ་ཆེར་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩིས་ཞུས་ནས་སྲིད་འཛིན་ཌོ་ནལ་ཊམ་དང་ལྕམ་སྐུ་མ་ལ་ཎི་ཡ་གཉིས་ཀྱིས་ཨ་རི་གཙོས་འཛམ་གླིང་ཡོངས་ཀྱི་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་བརྩི་སྲུང་བྱེད་མཁན་ཚོར་འཚམས་འདྲི་ཞུས་འདུག སྲིད་འཛིན་གཏན་ཞལ་གཉིས་ཀྱི་འཚམས་འདྲི་དེར་དེང་སྐབས་ཨ་མི་རི་ཀས་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་རྒྱུའི་དུས་ཚོད་ཅིག་ཡིན། གནད་འགག་གི་སྐབས་འདིར་ཨ་མི་རི་ཀ་བ་རྣམས་སྔར་ལས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས། མི་དང་མིའི་བར་དུ་སྔར་ལས་བསམ་ཤེས་དང་བརྩི་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས་ཤིང་། སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་སྐབས་འདིར་མི་ཚོས་ཆོས་ལུགས་དད་མོས་རང་དབང་ནི་ཡུན་རིང་དཀའ་ངལ་དང་འབད་བརྩོན་ཆེན་པོ་བྱས་ནས་ཐོབ་པ་ཞིག་ཡིན་ཞེས་ཨ་རིའི་ཆོས་དད་རང་དབང་གི་བྱུང་རིམ་རྗེས་སུ་དྲན་དགོས་ཞེས་ནན་སྐུལ་བྱས་འདུག གཞན་ཨ་རིའི་དམག་མི་དང་དམག་མིའི་བཟའ་མི་ཚོར་དྲིན་གཟོའི་ཆེད་དུ་དམག་མི་རྣམས་ཀྱིས་རང་དབང་སྲུང་སྐྱོབ་དོན་དུ་རང་ཉིད་བློས་གཏོང་གི་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས་འཁོད་འདུག སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་ནི་ཨ་རིའི་སྤྱི་ཚོགས་སུ་ཆོས་ལུགས་དང་འབྲེལ་བའི་གཞུང་འབྲེལ་གྱི་དུས་ཆེན་གལ་ཆེ་ཤོས་དེ་ཡིན་པ་རེད། ཡིན་ནའང་ཡེ་ཤུའི་དུས་ཆེན་གྱི་སྐབས་འདིར་རྒྱ་ནག་ལ་མཚོན་ན་དེ་སྔོན་གཙོ་འཛིན་ཞིས་ཅིན་ཕིང་གིས་རང་གི་རིག་གནས་ལ་རང་གིས་ཡིད་ཆེས་བྱ་དགོས་པའི་ལྟ་ཚུལ་བཏོན་པའི་གཞུག་ནས་རྒྱ་ནག་ལ་ནུབ་ཕྱོགས་ཀྱི་དུས་ཆེན་ཁག་སྲུང་བརྩི་བྱ་རྒྱུར་བཀག་འགོག་བྱས་པའི་གནས་ཚུལ་བྱུང་ཞིང་། ད་ལོར་ཡང་དེ་བཞིན་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་སྐབས་སུ་སྲང་ལམ་དུ་མི་མང་པོ་འདུ་འཛོམས་བྱ་རྒྱུར་བཀག་འགོག་བྱེད་བཞིན་པ་དང་། རྒྱ་ནག་གི་ཧྲན་ཏུང་སོགས་ཀྱི་ཚོང་ཁྲོམ་དུ་ཡེ་ཤུའི་དུས་ཆེན་དང་འབྲེལ་བའི་མཁོ་ཆས་ཀྱི་རིགས་བཙོང་མི་ཆོག་པ། སློབ་གྲྭ་ཁག་ཅིག་གིས་དུས་ཆེན་འདི་སྲུང་བརྩི་བྱེད་མི་ཆོག་ཅེས་བརྡ་ཁྱབ་བཀྲམ་ཡོད་པ་སོགས་ཀྱི་གནས་ཚུལ་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་གི་ནང་བྱུང་འདུག

༣ དེ་རིང་སྤྱི་ཚེས་༢༦་ནི་ཧིན་རྡུ་ནེ་ཤི་ཡར་རྒྱ་མཚོའི་ཆུ་ལོག་གི་འཇིགས་པ་བྱུང་ནས་ལོ་ཧྲིལ་པོ་བཅོ་ལྔ་འཁོར་བའི་ཉིན་མོ་ཡིན་ཞིང་། ལོ་བཅོ་ལྔའི་སྔོན་གྱི་ཉིན་འདིར་མི་འབུམ་གཉིས་དང་ཁྲི་གཉིས་ཀྱི་ཚེ་སྲོག་ཤོར་བར་རྗེས་དྲན་གྱི་མཛད་སྒོ་ཚོགས་འདུག ད་ལྟ་ཧིན་རྡུ་ནེ་ཤི་ཡར་རྒྱ་མཚོའི་ཆུ་ལོག་གི་གནོད་སྐྱོན་འབྱུང་ན་སྔོན་འགོག་གི་ཉེན་བརྡ་གཏོང་ཐབས་ཀྱི་མ་ལག་གསར་པ་བཙུགས། དེང་སྐབས་༢༠༠༤་ལོར་བྱུང་བའི་གནོད་སྐྱོན་དེ་འདྲ་ཞིག་བྱུང་བའི་དབང་དུ་བཏང་རུང་སྐྱེ་བོ་མང་པོ་དེ་འདྲ་ཞིག་གི་ཚེ་སྲོག་འཆོར་མི་སྲིད་པའི་ཚོད་དཔག་བྱེད་བཞིན་པ་རེད།

༤ ད་ལྟ་ཨུ་རུ་སུ་དང་རྒྱ་ནག ཨི་རན་གསུམ་གྱིས་ཉིན་གྲངས་བཞིའི་རིང་ལ་མཉམ་འབྲེལ་དམག་སྦྱོང་ཞིག་བྱེད་བཞིན་ཡོད་ཅིང་། རྒྱ་ནག་སོགས་ཀྱིས་དམག་སྦྱོང་འདི་སྤྱིར་བཏང་གི་དམག་སྦྱོང་ཤིག་ཡིན་པའི་འགྲེལ་བྱེད་ཀྱི་ཡོད་ཀྱང་ཡུབ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཐེངས་འདིའི་མཉམ་འབྲེལ་དམག་སྦྱོང་ལ་དོ་སྣང་ཆེན་པོ་བྱེད་བཞིན་འདུག ལྷག་པར་དུ་དཔལ་འབྱོར་དང་ཚོང་ལས་སོགས་བཀག་སྡོམ་གྱི་ཉེས་ཆད་ཕོག་ཡོད་པའི་ཨི་རན་དམག་སྦྱོང་འདིར་ཞུགས་པར་དོ་སྣང་བྱེད་བཞིན་པ་རེད།

༥ ཐེ་ཝན་དང་འབྲེལ་བའི་གནས་ཚུལ་ཞིག་ལ་ཐེ་ཝན་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཁོངས་སུ་མཉམ་ཞུགས་བྱ་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་བཞིན་པའི་གནས་ཚུལ་ཉིན་རེ་ནས་ཉིན་རེར་ཤུགས་ཆེ་རུ་འགྲོི་བཞིན་འདུག་ཅེས་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་ལས་དོན་སྡེ་ཚན་གྱི་འགན་འཛིན་ལེ་མིན་ཆི་ཞེས་པ་ཞིག་གིས་དེ་རིང་སྤྱི་ཚེས་༢༦་ཉིན་གཏམ་བཤད་སྤེལ་འདུག གཏམ་བཤད་དེའི་ནང་དུ་གལ་ཏེ་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་རུང་གི་ནང་དུ་ཐེ་ཝན་དང་རྒྱ་ནག་གཉིས་ཀ་འཛུལ་ཞུགས་བྱས་ཡོད་པ་ཡིན་ན། ཚོགས་པའི་ཚོགས་གཙོ་སོགས་འདེམས་བསྐོ་བྱེད་པའི་དུས་སུ་ཐེ་ཝན་གྱི་གོ་ཐོབ་དེ་རྒྱ་ནག་གི་མིང་ཐོག་ཏུ་བསྒྱུར་པ་དང་། ཐེ་ཝན་ཞེས་པའི་མིང་དེ་བེད་སྤྱོད་གཏོང་མི་ཆོག་པ། རྒྱལ་སྤྱིའི་ཚོགས་སྡེ་གཞན་པ་བརྒྱུད་ནས་ཐེ་ཝན་ལ་གནོན་ཤུགས་སྤྲོད་ཐབས་བཅས་བྱེད་ཀྱི་ཡོད་པ་རེད། སྔོན་ཆད་ཐེ་ཝན་མཉམ་ཞུགས་བྱས་ཡོད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་རྒྱ་ནག་ལ་མཉམ་འབྲེལ་བྱ་རྒྱུའི་རེ་འདུན་བཏོན་ཚེ། རྒྱ་ནག་གིས་དང་པོ་ནས་ཚོགས་པ་དེས་ཐེ་ཝན་གྱི་མིང་དེ་རྒྱ་ནག་གི་ཐེ་ཝན་མིང་སྒྱུར་བྱ་དགོས་པའི་རེ་འདུན་འདོན་བཞིན་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་སོགས་བརྒྱུད་ནས་ཐེ་ཝན་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་མཉམ་ཞུགས་བྱ་རྒྱུ་འགོག་གི་ཡོད་ཅིང་། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨིག་ཅང་གིས་ཐེ་ཝན་གྱིས་མ་འོངས་པར་ཨ་རི་དང་ཉི་ཧོང་། ཡུ་རོབ་མཉམ་འབྲེལ་སོགས་ཐེ་ཝན་དང་ལྟ་བ་གཅིག་པ་ཡིན་པའི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ཏེ་སྲིད་དབང་སྒེར་གཅོད་ཀྱི་སྟོབས་ཤུགས་དེས་ཐེ་ཝན་ལ་བཙན་གནོན་བྱེད་བཞིན་པར་འགོག་རྒོལ་བྱ་རྒྱུ་དང་། ཐུན་མོང་གིས་མཉམ་ཏུ་དམངས་གཙོའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྒྲིག་སྲོལ་ཁག་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་འདུག

༦ ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་བྱ་རྒྱུར་ཉིན་༡༦་ལས་མེད་པའི་སྐབས་འདིར་རྒྱ་ནག་རང་གིས་བཟོ་སྐྲུན་བྱས་པའི་ཧྲན་ཏུང་རྟགས་ཅན་གྱི་དམག་གྲུ་ཆེན་མོ་དེ་རིང་སྤྱི་ཚེས་༢༦་ཉིན་ཐེ་ཝན་མཚོ་འགག་གི་ཉེ་སར་སྐོར་གཡེང་དུ་བསྐྱོད་པ་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཤེས་རྟོགས་བྱུང་ཡོད་ཅེས་གནས་ཚུལ་སྤེལ་འདུག ཞིས་ཅིན་ཕིང་རྒྱ་ནག་གི་གཙོ་འཛིན་ལ་བསྐོ་བཞག་བྱས་པའི་རྗེས་སུ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་གྱི་གནད་དོན་སྟེང་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་རེད། ད་སྔ་རྒྱ་ནག་ལ་དམག་གྲུ་ཆེན་པོ་གཉིས་ལས་མེད། གཅིག་ནི་ཐེ་ཝན་མཚོ་འགག་ཏུ་སླེབས་ཡོད་པའི་ཧྲན་ཏུང་རྟགས་ཅན་དང་། ཅིག་ཤོས་ནི་ལོ་ཤས་གོང་དུ་ཡུཀ་རན་ནས་ཉོས་པའི་ཨུ་རུ་སུའི་དམག་གྲུ་ཆེན་པོ་ལེའོ་ནིང་ཞེས་པ་དེ་ཡིན།

༧ འཛམ་གླིང་ཡོངས་སུ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཞུ་བའི་སྐབས་འདིར་ཧོང་ཀོང་ལ་བསྟུན་མར་ངོ་རྒོལ་ལས་འགུལ་ལངས་ནས་ཉིན་གསུམ་འགྲོ་བཞིན་ཡོད་ཅིང་། དེ་རིང་གཟའ་ཕུར་བའི་ཉིན་ཡང་ཧོང་ཀོང་གི་ཚོང་ར་ཁག་ཅིག་གི་ནང་དུ་དམངས་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་བ་དང་ཉེན་རྟོག་པར་གདོང་གཏུག་གི་གནས་ཚུལ་བྱུང་འདུག

༨ ཉེ་ཆར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཞི་བདེ་རྒྱ་མཚོའི་མངའ་ཁོངས་ཏེ། རྒྱ་ནག་གིས་པོ་ཧེ་ཞེས་འབོད་པའི་རྒྱ་མཚོའི་ཐོག་ཏུ་ཇཱེ་ཨེ་ གསུམ་པ་ཞེས་པའི་འཕུར་མདེལ་ཞིག་ཚོད་ལྟ་བྱས་འདུག་ཅེས་ཨ་རིའི་ཝ་ཤིང་ཐོན་ཡིག་ཟམ་ཚགས་པར་ལ་གསར་འགྱུར་སྤེལ་འདུག འདི་ནི་རྒྱ་ནག་གིས་ཉེ་བའི་ལོ་གཉིས་ཀྱི་ནང་དུ་འཕེན་རྒྱང་དབྱིན་ལེ་ཁྲི་གཅིག་བརྒལ་བའི་འཕུར་མདེལ་ཚོད་ལྟ་བྱས་པ་ཐེངས་བཞི་པ་དེ་ཡིན། འཕུར་མདེལ་འདིའི་རིགས་ཀྱི་འཕེན་ཚད་ནི་ཨ་རིར་སྙོབ་ཐུབ་ཀྱི་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་མིང་བརྗོད་འདོད་མེད་པའི་ལས་སྣེ་ཞིག་གིས་བརྗོད་པ་ལྟར་ན། རྒྱ་ནག་གིས་འཕུར་མདེལ་དེ་ནུབ་རྒྱུད་བྱེ་ཐང་གི་ཕྱོགས་སུ་འཕངས་ནས་ཚོད་ལྟ་ལེགས་གྲུབ་བྱུང་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་ཀྱི་མེད་ཅེས་བཤད་འདུག

༩ རྒྱ་ནག་གི་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་བཟོ་ཚོང་ཁང་གིས་ང་ཚོ་རྒྱ་གཞུང་གི་འབྲེལ་བ་ནི་བཟོ་ཚོང་ལས་ཁང་གཞན་དང་རྒྱ་ནག་གི་འབྲེལ་བ་ལྟར་ཡིན་ཞེས་བཤད། འོན་ཀྱང་རྒྱ་ནག་གཞུང་གིས་མ་དངུལ་ཨ་སྒོར་དུང་ཕྱུར་མང་པོ་རོགས་རམ་སྤྲད་ནས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་རྒྱལ་སྤྱིའི་བཟོ་ཚོང་ཁང་ཁག་ལ་འགྲན་རྩོད་བྱེད་ཐུབ་པའི་བཟོ་ཚོང་ལས་ཁང་ཞིག་ལ་གྱུར་པ་རེད། རྒྱ་ནག་གཞུང་གིས་རོགས་སྐྱོར་བྱས་ནས་ཧྭ་ཝེ་བཟོ་ཚོང་ཁང་ལ་དམིགས་བསལ་གྱི་ཁེ་ཕན་ཆེན་པོ་ཐོབ་ཡོད་ཅེས་ཨ་རིའི་ཝོལ་སི་ཊི་རི་ཊི་ཚགས་པར་ལ་གནས་ཚུལ་བཀོད་འདུག རྩོམ་ཡིག་དེར་ཉེ་བའི་ལོ་འགའི་རིང་ལ་རྒྱ་ནག་གཞུང་གིས་ཧ་ཝེ་བཟོ་ཚོང་ཁང་ལ་ཨ་སྒོར་དུང་ཕྱུར་༧༥༠་ཐམ་པའི་མ་དངུལ་རོགས་རམ་སྤྲད་འདུག དེའི་ནང་གི་ཨ་སྒོར་དུང་ཕྱུར་༤༦༠་ཐམ་པ་རྒྱལ་ཁབ་ཀྱི་དངུལ་ཁང་གིས་བཏང་བ་ཞིག་རེད། སྤྱི་ལོ་༢༠༠༨་ནས་༢༠༡༨་བར་གྱི་ལོ་བཅུའི་རིང་ལ་རྒྱ་ནག་གཞུང་གིས་ཧྭ་ཝེ་བཟོ་ཚོང་ལ་ཨ་སྒོར་དུང་ཕྱུར་༢༥༠་ཐམ་པའི་དཔྱ་ཁྲལ་བཅག་ནས་དམིགས་བསལ་གྱི་ཁེ་ཕན་བསྐྲུན་ཡོད་འདུག་པར་མ་ཟད། ༢༠༡༣་ནས་༢༠༡༨་ལོའི་བར་དུ་ཧྭ་ཝེ་བཟོ་ཚོང་ཁང་ལ་གཞུང་གིས་སྤྲད་པའི་མ་དངུལ་གྱི་ཚད་དེ་རྒྱལ་སྤྱིའི་འགྲན་ཡ་གཙོ་བོ་ཡུ་རོབ་ཀྱི་ནོ་ཀི་ཡ་བཟོ་ཚོང་ཁང་དང་བསྡུར་ན་ལྡབ་༡༧་གྱིས་མང་བ་འདུག འོན་ཀྱང་ཧ་ཝེ་བཟོ་ཚོང་ཁང་གིས་རང་ལ་༢༠༠༨་ཚུན་ཆད་ནས་རྒྱ་གཞུང་གིས་ཨ་སྒོར་དུང་ཕྱུར་༡༦་གི་མ་དངུལ་རོགས་དངུལ་རོགས་རམ་ཞིག་ལས་ཐོབ་མེད་ཅེས་ལོ་འཁོར་སྙན་ཐོའི་ནང་བཏོན་ཡོད་ཅིང་། རྒྱ་ནག་གཞུང་གིས་འདི་ལྟར་ལུགས་མཐུན་མིན་པར་བཟོ་ཚོང་ལས་ཁང་ཁག་ལ་གཞུང་གིས་རོགས་སྐྱོར་ཆེན་པོ་བྱེད་བཞིན་པ་འདིས་རྒྱལ་སྤྱིའི་ཁེ་གཉེར་བའི་འགྲན་རྩོད་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་བཞིན་པ་རེད།

༡༠ ཉེ་ཆར་ཨ་རིས་༢༠༢༠་ལོའི་ཨ་རིའི་རྒྱལ་སྲུང་གི་ཁྲིམས་གཞི་ཞེས་པ་ཞིག་བཏོན་ཡོད་པ་དེར་རྒྱ་ནག་གིས་དངོས་ཟོག་ཉོ་རྒྱུ་ཚད་བཀག་བྱས་ཡོད་པ་སོགས་རྒྱལ་སྤྱིའི་ཚོང་ལས་སྒྲིག་སྲོལ་ལ་ཨ་རིས་གཏོར་བརླག་བྱས་འདུག་ཅེས་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་ཀོ་ཧྥུན་གྱིས་དེ་རིང་སྤྱི་ཚེས་༢༦་ཉིན་སྐྱོན་བརྗོད་བྱས་ཡོད་པར་མ་ཟད། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝུ་ཆན་གྱིས་ཀྱང་ཁྲིམས་གཞི་དེས་ཨ་རིའི་དབང་ཤུགས་སྤྱད་ནས་རྒྱ་ནག་ལ་གྲང་དམག་རྒྱག་རྒྱུའི་འདུ་ཤེས་བཟུང་ཡོད་པ་ཞིག་མཚོན་ཐུབ་ཅེས་་སྐྱོན་བརྗོད་བྱས་འདུག ཨ་རིས་རྒྱ་ནག་དམག་གི་སྡེའི་འཇིགས་སྣང་ཞེས་པར་ལན་ཁག་གཡར་ནས་ཐེ་ཝན་དང་ཧོང་ཀོང། ཞིན་ཅང་བཅས་ལ་ཐེ་ཇུས་བྱ་རྒྱུ་ཡིན་པའི་ཁྲིམས་གཞི་དོན་ཚན་ཁག་ཅིག་ཀྱང་འདུག་ཅེས་ཨ་རིའི་ཁྲིམས་གཞི་དེར་སྐྱོན་བརྗོད་བྱས་འདུག

༡༡ ༢༠༡༩་འདའ་ལ་ཉེ་བའི་ལོ་མཇུག་འདིར་དབྱིན་ཡུལ་གྱི་བྷི་བྷི་སི་གསར་འགྱུར་ཁང་གིས་ད་ལོའི་ཨེ་ཤི་ཡའི་ཁོངས་ཀྱི་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་གལ་ཆེན་ཁག་ཅིག་ཕྱོགས་བསྡུས་བྱས་ཡོད་པ་དེར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ལས་འགུལ་དང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་མི་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག་པ། རྒྱལ་ཁབ་ཁག་གཅིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པ། ཐེ་ཝན་དུ་མཚན་མཐུན་གཉེན་སྒྲིག་བྱ་རྒྱུ་ཁྲིམས་མཐུན་དུ་གྱུར་པ། ཨ་ཧྥི་རི་ཀའི་ཕག་ནད་རྒྱ་ནག་ཏུ་ཁྱབ་ནས་རྒྱ་ནག་གི་ཕག་ཤའི་རིན་གོང་ལྡབ་ཁ་ཤས་འཕར་བ། རྒྱ་ནག་ལ་དྲུག་བཞིའི་ལས་འགུལ་བྱུང་ནས་ལོ་༣༠་འཁོར་བདང་རྒྱ་ནག་གི་རྒྱལ་ཁབ་བཙུགས་ནས་ལོ་༧༠་འཁོར་བ་བཅས་ནི་གནས་ཚུལ་ཆེ་ཤོས་ཁག་རེད་ཅེས་ཕྱོགས་བསྡོམས་བྱས་འདུག

༡༢ དབྱིན་ཡུལ་གྱི་ཉིན་རེའི་ཚགས་ཤོག་ཅེས་པའི་སྟེང་དུ་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་ལྟ་ཚུལ་ཞེས་པའི་གཞུང་ལུགས་གཞིར་བཟུང་གིས་ཡེ་ཤུའི་གསུང་རབ་དང་། ཁ་ཆེའི་ཆོས་ལུགས་ཀྱི་བཀའ་དེབ་སོགས་ཆོས་ལུགས་ཀྱི་བསྟན་བཅོས་ཁག་གི་དགོངས་དོན་ལ་འགྱུར་བ་བཏང་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་མི་འཚམས་པའི་རིགས་རྣམས་ནག་སུབ་བཏང་ནས་ཆོས་ལུགས་ཀྱི་བསྟན་བཅོས་ཁག་གི་ནང་དོན་ལ་འགྱུར་བ་གཏོང་རྒྱུ་ནི་ད་ལོའི་སྤྱི་ཟླ་དང་པོའི་ཟླ་འཇུག་ལ་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་དུ་ཐག་གཅོད་བྱས་པ་ཞིག་ཡིན། གཏན་འབེབས་དེར་ཕྱོགས་ཡོངས་ནས་ཆོས་ཀྱི་བསྟན་བཅོས་ཁག་ལ་བསྐྱར་ཞིབ་བྱས་ཏེ་དུས་ཀྱི་འགྱུར་བ་དང་མི་མཐུན་པའི་ནང་དོན་ཁག་མེད་པར་གཏོང་དགོས་པའི་ནང་དོན་འཁོད་ཡོད་པ་རྣམས་འཇར་མན་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག

༡༣ ཁ་སང་རྒྱ་ནག་གིས་གྲོང་ཁྱེར་གྱི་མི་འབོར་ལ་དམིགས་པའི་གཏན་འབེབས་གསར་པ་ཞིག་བྱས་འདུག རྒྱ་ནག་གི་མི་འབོར་ས་ཡ་གསུམ་མན་གྱི་གྲོང་ཁྱེར་ཁག་གི་ཐེ་ཐོ་སྤར་རྒྱུར་ཚད་བཀག་མེད་པར་བཏང་ཡོད་ཅིང་། མི་འབོར་ས་ཡ་གསུམ་ནས་ལྔ་ཙམ་ཡོད་པའི་གྲོང་ཁྱེར་ཁག་ཏུའང་ཚད་བཀག་བྱ་རྒྱུ་ཅུང་ཙམ་ལྷོད་ཡངས་གཏོང་རྒྱུ་ཡིན་ཞེས་གཏན་འབེབས་བྱས་འདུག

XS
SM
MD
LG