ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བལ་ཡུལ་དུ་རྗེ་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་༦༠༠ འཁོར་བའི་དུས་དྲན་སྲུང་བརྩི།


Nepal3
Nepal3

༄༅།།བལ་ཡུལ་ནང་ཡོད་པའི་ནང་བའི་གནས་ཆེན་ཁག་དང་ནང་བའི་དགོན་སྡེ་ཁག་ཏུ་འདི་ལོར་རྗེ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་དྲུག་བརྒྱ་ཐམ་པ་འཁོར་བའི་དུས་ཆེན་ཁྱད་པར་ཅན་དང་ལྷག་པར་དུ་དགའ་ལྡན་ལྔ་མཆོད་ཆེན་མོར་བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་ཆོ་འཕྲུལ་སྨོན་ལམ་བཀོད་སྒྲིག་ཚོགས་ཆུང་བཅས་ཀྱི་བཀོད་སྒྲིག་འོག ཕྱི་ཚེས་༢༡་ཉིན་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་མཐའ་རུ་རྟེན་གཞི་བྱས་བའི་སྐྱིད་གྲོང་བསམ་གཏན་གླིང་དགོན་པའི་འདུ་ཁང་ནང་ཕྱོགས་ཡོང་ནས་ཕེབས་པའི་དགེ་འདུན་པ་དྲུག་བརྒྱ་ཙམ་དང་། དེ་བཞིན་བོད་དང་ཧི་མ་ལའི་རི་རྒྱུད་ཀྱི་མི་སྐྱ་ཕོ་མོ་བཅས་ལྷན་འཛོམས་ཐོག་དུས་ཆེན་སྲུང་བརྩི་བྱས།

Nepal Tsongkhapa 600th
please wait

No media source currently available

0:00 0:02:43 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྗེས་དྲན་མཛད་སྒོའི་སྟེང་བཀོད་སྒྲིགས་ཚོགས་ཆུང་གི་དྲུང་ཆེ་ངག་དབང་མཐུ་སྟོབས་ལགས་སུ་བཅར་འདྲི་ཞུས་བར་ཁོང་གིས་བརྗོད་དོན། གཙོ་བོ་བལ་ཡུལ་ནང་ལ་མཚོན་ན་ཧི་མ་ལའི་རི་རྒྱུད་ཀྱི་མི་རིགས་ཕོན་ཆེན་ཡོད་པའི་སྟེང་ཕལ་ཆེ་བ་ནང་བ་ཡིན་པས་ད་ལོར་རྗེ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་དགའ་ལྡན་ལྔ་མཆོད་འདིར་དམིགས་བསལ་གྱི་དུས་ཆེན་ཁྱད་པར་ཅན་དུ་སྲུང་བརྩི་བྱེད་བཞིན་ཡོད། སྔ་རྗེས་སུ་བལ་ཡུལ་ནང་ཡོད་པའི་དགེ་ལུགས་པའི་དགོན་སྡེ་ཁག་གི་བཀོད་སྒྲིག་འོག་ཤེར་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་དགོན་པར་ཕར་ཕྱིན་བགྲོ་གླེང་དང་། དེ་བཞིན་༧གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་བའི་བཀའ་གནང་བ་ལྟར་བལ་ཡུལ་ཏ་ར་མགྲོན་ཁང་དུ་དུས་རབས་ཉེར་གཅིག་པའི་ནང་བའི་དགེ་འདུན་ཞེས་བའི་བརྗོད་གཞིའི་ཐོག་བལ་ཡུལ་ནང་གི་ཤེས་ལྡན་པ་དང་དཔོན་རིགས་ཁག་ཅིག་བཅས་གདན་ཞུས་ཀྱིས་བགྲོ་གླེང་འཚོགས་ཐུབ་པ་བྱུང་ཡོད། དེ་རིང་དངོས་གཞི་ཉིན་མོར་མཚོན་ན་ཡང་སེར་སྐྱ་ཐུན་མོང་གི་ངོས་ནས་མཆོད་རྟེན་གནས་རྩ་ཆེན་འདིར་ཕྱག་མཆོད་འབུལ་དང་མཉམ་དུ་དགེ་འདུན་པ་ཡོངས་ཀྱིས་དྲང་ངེས་ལེགས་བཤད་སྙིང་པོ་གསུང་ཡ་དགོང་དྲོ་མཚམས་སུ་སླེབས་པ་དང་མཉམ་དུ་མཆོད་མེ་སྟོང་ཕྲག་དུ་མ་ཕུལ་ཏེ་སྨོན་ལམ་རྒྱག་པ་སོགས་མདོར་ན་སྔར་དང་མི་འདྲ་བའི་དུས་ཆེན་སྲུང་བརྩི་གལ་ཆེན་དུ་ཞུས་པ་ཡིན་ཞེས་བརྗོད་སོང་།

Nepal2
Nepal2


དེ་དང་ཆབས་ཅིག་འཕགས་པ་ཤིང་ཀུན་དང་ཡང་ལེ་ཤོད་སྟག་མོ་ལུས་སྦྱིན་བཅས་སོགས་ནང་བའི་གནས་རྩ་ཆེན་ཁག་ཏུ་དེ་རིང་གི་ཉིན་མོ་འདི་དང་སྐབས་བསྟུན་ནས་ཕྱག་སྐོར་མཆོད་འབུལ་བྱེད་མཁན་ཧ་ཅང་ཇེ་མང་དུ་སོང་ཡོད་པ་དང་། དད་ལྡན་མང་ཚོགས་ཀྱི་ངོས་ནས་སྤྲང་བོ་ལ་སྦྱིན་པ་གཏོང་བ་དང་དམར་ཟས་སྤངས་ནས་དཀར་ཟས་བསྟེན་པ། ནམ་རྒྱུན་བལ་ཡུལ་ནང་ཚོང་ལས་འདྲ་གཉེར་ནས་སྡོད་མཁན་གྱི་དད་ལྡན་མང་ཚོགས་མང་པོས་དགོན་སྡེ་ཁག་དུ་མང་ཇ་དང་དགེ་འདུན་པར་བསྙེན་བཀུར་གྱི་དངུལ་དངོས་སྤྲོད་པ་སོགས་དགེ་བ་གང་མང་ཞིག་སྒྲུབ་བཞིན་ཡོད་པ་རེད།

XS
SM
MD
LG