ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཕྱིའི་སྲིད་གཞུང་ཁག་ལ་རྒྱབ་སྐྱོར་གྱི་འབོད་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་དང་སྲིད་འཛིན་གཉིས་ཀས་ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་བྱུང་ནས་བཟུང་།ཧོང་ཀོང་གི་དམངས་གཙོན་དོན་གཉེར་བ་ཚོས་ཕྱིའི་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་ལ་རྒྱ་ནག་པེ་ཅིང་སྲིད་གཞུང་ལ་གནོན་ཤུགས་སྤྲད་ནས་ཧོང་ཀོང་མི་དམངས་ཀྱི་རྒྱབ་ཏུ་ལོངས་ཤོག་ཅེས་འབོད་སྐུལ་ཞུ་བའི་ལས་འགུལ་ཞིག་སྤེལ་ཡོད་ཅིང་།

དཔེར་ན་ཕྱི་ཟླ་༡༢་ཚེས་༡༩་ཉིན་གྱོན་གོས་ནག་པོ་དང་གདོང་རས་གོན་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སྟོང་ཕྲག་བརྒལ་བ་ཞིག་གིས་མངའ་ཁུལ་དེར་བཅའ་སྡོད་དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ།ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། དེ་བཞིན་ཁེ་ན་ཌ་བཅས་ཀྱི་ཕྱི་འབྲེལ་སྐུ་ཚབ་དོན་གཅོད་ཁང་དེ་དག་གི་སྒོ་འགྲམ་བར་དུ་ཞི་བའི་གོམ་བསྐྱོད་ཀྱིས་ཉེ་ཆར་ཨ་མི་རི་ཀའི་གཞུང་གིས་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་བྱུང་བ་ལྟར་རྒྱལ་ཁབ་དེ་དག་གིས་ཀྱང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་པེ་ཅིང་སྲིད་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་ཞུ་བའི་སྙན་ཞུ་ཞིག་ཕུལ་ཡོད་པ་རེད།

ད་ལོ་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་གྱི་ལས་འགུལ་དེར་རྒྱབ་སྐྱོར་དང་རྒྱ་ནག་པེ་ཅིང་སྲིད་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་ཆེད་དུ་གྲོས་ཚོགས་གོང་འོག་གཉིས་ཀྱིས་མང་མོས་ཐོག་ཏུ་ཁྲིམས་གཞི་གཏན་འབེབས་བྱུང་བར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད།དེར་བརྟེན་ཧོང་ཀོང་གི་ཁྲིམས་གཞི་དེ་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་ལ་གྱུར་ཏེ་ཨ་མི་རི་ཀས་ཧོང་ཀོང་ལ་ལོ་ལྟར་དམིགས་བསལ་ཚོང་ལས་ཀྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་རྒྱུན་འཁྱོངས་བྱ་དགོས་མིན།རྒྱ་ནག་གཞུང་གིས་ཧོང་ཀོང་མངའ་ཁུལ་ལ་རང་སྐྱོང་ཚད་ལྡན་ཞིག་སྤྲོད་ཀྱི་ཡོད་མེད་བཅས་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྟོག་ཞིབ་བྱ་རྒྱུ།ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཉུང་མཐར་ཡང་ལོ་རེར་ཧོང་ཀོང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་རེ་བྱ་དགོས་པའི་གཏན་འབེབས་བྱུང་ཡོད་པ་རེད།

དབྱིན་ཇི་དང་ཡུ་རོབ་མཉམ་འབྲེལ།ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོས་རྒྱབ་སྐྱོར་ཞུ་བར་བཅར་པའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་དེ་དག་གི་སྙན་ཞུ་བཞེས་ནས་མཉམ་དུ་འདྲ་པར་སྒྲོན་པ་སོགས་བྱས་ཡོད་པར་མ་ཟད།ཕྱི་རྒྱལ་གྱི་སྲིད་གཞུང་ཁག་ལ་རྒྱབ་སྐྱོར་ཞུ་བའི་ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་སུ་ཀི་ཆན་ཞེས་པ་ཞིག་གིས་ཧོང་ཀོང་ལ་འབྱུང་བཞིན་པའི་གནས་ཚུལ་འདི་ས་གནས་བྱེ་བྲག་པ་ཞིག་གི་གནད་དོན་མིན།འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་ དམངས་གཙོའི་ཁེ་དབང་གི་གནད་དོན་ཞིག་རེད།ཧོང་ཀོང་མངའ་ཁུལ་ལ་བཙན་གནོན་ཕོག་གི་ཡོད་པའི་གནས་སྟངས་འདི་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་གིས་མཁྱེན་རྟོགས་དགོས་པ་ཞིག་ཡིན།ང་ཚོས་དམངས་གཙོའི་རང་དབང་དོན་དུ་ལས་འགུལ་སྤེལ་གྱི་ཡོད་པར་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་དང་རྒྱབ་སྐྱོར་འཐོབ་རྒྱུར་འབོད་སྐུལ་མུ་མཐུད་དུ་ཞུ་རྒྱུ་ཡིན་ཞེས་བཤད།

དམངས་གཙོ་དོན་གཉེར་གྱི་ལས་འགུལ་བ་ཚོས་ཕྱི་རྒྱལ་སྲིད་གཞུང་ཁག་ལ་རྒྱབ་སྐྱོར་ཞུ་བའི་སྙན་ཞུ་དེར་ཨ་མི་རི་ཀའི་གཞུང་གིས་ཁྲིམས་གཞི་གཏན་འབེབས་བྱུང་བ་ལྟར་ཕྱི་རྒྱལ་གྱི་སྲིད་གཞུང་གཞན་ཁག་གིས་ཀྱང་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་སྲིད་གཞུང་གི་གཞུང་འབྲེལ་མི་སྣ་ཁག་གི་དཔལ་འབྱོར་དང་མཁར་དངོས་རྣམས་བཀག་སྡོམ།ཁོ་ཚོ་ཕྱི་རྒྱལ་ལ་བསྐྱོད་དུས་ཐོངས་མཆན་དམ་དྲག་སོགས་ཀྱི་ཁྲིམས་གཞི་གཏམ་འབེབས་བྱས་ཏེ་ཧོང་ཀོང་མི་མང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེ་༡༩༩༧་ལོར་རྒྱ་ནག་ལ་ཕྱིར་སློག་བྱས་པའི་སྐབས་སུ་མངའ་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ།རྒྱ་ནག་གིས་ཧོང་ཀོང་ལ་དམིགས་བསལ་གྱི་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་འགན་ལེན་བྱས་ཡོད།ཉེ་ལམ་རྒྱ་ནག་པེ་ཅིང་སྲིད་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་ཤུགས་ཇེ་ཆེར་བཏང་སོང་།མཐར་ཧོང་ཀོང་གི་རང་དབང་དང་དམངས་གཙོའི་ལམ་ལུགས་རྣམས་རྩ་བརླག་འགྲོ་ཉེན་ཡོད་པའི་བློ་འཚབ་ཀྱིས་དགོས་འདུན་ཁག་ལྔ་བཏོན་པ་ཡིན།འདས་པའི་ཟླ་བ་༦་ལྷག་གི་རིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རུང་རྒྱ་ནག་སྲིད་གཞུང་གིས་ ཧོང་ཀོང་གི་ངོ་རྒོལ་ལ་ཟིང་འཁྲུག་དང་ཕྱི་ལོགས་ཀྱི་ངན་སྐུལ་ཤུགས་རྐྱེན་ཐེབས་པའི་སྐྱོན་འཛུགས་བྱེད་ཀྱི་འདུག་ཅེས་བཤད།པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་ཧོང་ཀོང་མངའ་ཁུལ་ལ་ཕྱི་ནས་ཐེ་གཏོགས་བྱ་ཐབས་བྱས་ཀྱང་དེ་ལ་ལམ་ལྷོངས་འབྱུང་གི་མ་རེད་ཅེས་བརྗོད་བྱས་ཡོད་པ་རེད།

འདི་ཙམ་ན་ཁ་སང་ཕྱི་ཟླ་༡༢་པའི་ཚེས་༡༩་སྟེ།རེས་གཟའ་ཕུར་བའི་ཉིན་མོ་འདི་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱིས་ཧོང་ཀོང་གི་མ་འོངས་གནས་བབ་ཐོག་ཏུ་གྲོས་མཐུན་ཞིག་བཞག་ནས་༡༩༩༧་ལོར་རྒྱ་ནག་ལ་ཧོང་ཀོང་ཕྱིར་སློག་བྱ་རྒྱུའི་ཆ་རྐྱེན་དེ་རྣམས་གཏན་འབེབས་བྱུང་སྟེ་ལོ་ངོ་༣༥་འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་ཞིང་།དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཌོ་མི་ནིཀ་རཱབ་ཀྱིས་གསལ་བསྒྲགས་ཤིག་སྤེལ་བ་དེར་རྒྱ་ནག་སྲིད་གཞུང་གིས་ཧོང་ཀོང་གི་དམངས་གཙོན་དོན་གཉེར་བ་ཚོར་གྲོས་མོལ་བྱ་དགོས།དབྱིན་ཇི་དང་རྒྱ་ནག་གིས་གྲོས་མཐུན་བཞག་པ་དེའི་འབྲུ་དོན་ཁག་ལ་བརྩི་སྲུང་དང་ལག་ལེན་བསྟར་དགོས་ཞེས་ནན་བརྗོད་བྱས་འདུག
༡༩༨༤་ལོར་རྒྱ་ནག་པེ་ཅིང་སྲིད་གཞུང་གི་སྲིད་བློན་ཀྲའོ་ཙི་དབྱང་དང་དབྱིན་ཇི་སྲིད་བློན་མར་གྷ་རེ་ཊི་ཐ་ཆཱར་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་གྲོས་མཐུན་ལ་མཚན་རྟགས་བཀོད།དབྱིན་ཇི་དང་རྒྱ་ནག་གིས་སྤྱི་བསྒྲགས་ཤིག་སྤེལ་བ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་ཀྱང་དེང་སྐབས་གྲོས་མཐུན་དེ་དོན་དངོས་སུ་དགེ་ཚན་མེད་པ་ཞིག་ཏུ་གྱུར་འདུག་ཅེས་སྐྱོན་བརྗོད་ཀྱི་ཡོད་ཅིང་།དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཌོ་མི་ནིཀ་རཱབ་ཀྱིས་ཐུན་མོང་གི་སྤྱི་བསྒྲགས་དེ་གཞི་བཟུང་ལྟར་༡༩༩༧་ལོར་དབྱིན་ཇིས་ཧོང་ཀོང་གི་བདག་གི་རྒྱ་ནག་ལ་ཕྱིར་སློག་བྱས་ཡོད།འདི་ནི་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་གྲོས་མཐུན་ཞིག་ཡིན་ཞེས་ནན་བརྗོད་ཀྱིས་ཧོང་ཀོང་གི་ཡར་རྒྱས་དར་འཕེལ་རྒྱས། རང་དབང་ལྡན་པའི་མིའི་འཚོ་བ་བཅས་པ་རྒྱུན་འཁྱོངས་བྱ་རྒྱུར་མངའ་ཁུལ་དེར་གཏམ་བརྗོད་རང་དབང་དང་རང་དབང་ཅན་གྱི་ཁྲིམས་འཛིན་ལམ་ལུགས། དེ་བཞིན་ཁྲིམས་ལུགས་ཀྱིས་དབང་སྒྱུར་བྱེད་པའི་ལམ་ལུགས་ཤིག་དར་ཡོད་པ་བཅས་ལ་འགན་སྲུང་བྱ་རྒྱུ་གལ་འགངས་ཆེན་པོ་རེད་ཅེས་གསུངས་འདུག

XS
SM
MD
LG