༄༅།། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་མངའ་ཁུལ་དེར་བཀག་ཉར་ཁང་བཙུགས་ནས་ཡུ་གུར་བ་ས་ཡ་༡་ལྷག་བཀག་ཉར་བྱེད་མཁན་དང་ཉེན་རྟོག་པའི་དཔུང་སྡེ་རྒྱ་བསྐྱེད། ཁོ་པ་དྲག་གནོན་གྱི་ཐབས་ཇུས་རྣམས་མཐའ་སྐྱེལ་བྱེད་མཁན་ཞིག་དང་ཐེམ་པ་རིམ་འཛེགས་ཀྱིས་གོ་འཕར་བའི་མི་ཞིག་ཡིན། ད་དུང་ཡང་ཁྲེན་ཆོན་གོ་མུ་མཐུད་དུ་རྒྱ་ནག་གི་སྲིད་སྟེགས་སུ་གོ་གནས་འཕར་རྒྱུའི་རྟགས་མཚན་མངོན། ཁོ་པས་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་ཀྱི་གྲས་སུ་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་གཏོང་རྒྱུ། པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན་ལ་ས་འབྲེལ་ཡིན་པའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པར་འཐབ་རྒོལ་བྱ་དགོས་པའི་ལངས་ཕྱོགས་བཟུང་། དཔེར་ན་ཁྲེན་ཆོན་གོས་ང་ཚོས་ཁྲིམས་ལུགས་ཀྱི་སློབ་གསོ་རྒྱུན་འཁྱོངས་བྱས་ནས་མཐའ་ལྷུང་རིང་ལུགས་ལ་འཐབ་རྒོལ་བྱ་དགོས། ལས་བྱེད་པ་དང་རིགས་སོ་སོའི་མི་དམངས་ཡོངས་ལ་རྒྱལ་གཅེས་རིང་ལུགས་ཀྱི་གོ་རྟོགས་སྤེལ་ནས་རྩ་བ་སྲ་བརྟན་ཚུགས་ཐུབ་པ་ཞིག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག
འོན་ཀྱང་ཞིན་ཅང་ནས་དབྱིན་ལེ་༦༥༠༠་ལྷག་གི་ཕ་རོལ་ཏུ་ཡོད་པའི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་འཐུས་མི་༤༠༠་ལྷག་གིས་ཁྲེན་ཆོན་གོ་ལ་འགྲིམ་འགྲུལ་བཀག་སྡོམ། ཁོ་པས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་དང་དངུལ་ཁང་སོགས་ལ་ཚོང་འབྲེལ་འཛུགས་མི་ཆོག་པ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པའི་བྱེད་གཏེ་ནི་ཁྲེན་ཆོན་གོ་ཡིན། ཁོ་པ་ཨ་མི་རི་ཀས་དམིགས་འབེན་དུ་བཟུང་ནས་ཉེས་ཆད་གཅོད་དགོས་ཞེས་འོས་ཤོག་འཕངས། ཨ་རིའི་གཞུང་གིས་ཁྲེན་ཆོན་གོ་གཅིག་པུ་མིན་པར་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་ཚོ་འགོག་ཉར་བྱས་པ་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བཏང་བ། ཡུ་གུར་བ་ཚོར་བཀག་ཉར་ཁང་དུ་ངལ་རྩོལ་བཙན་བཀོལ་བྱས་པ་དང་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་ལྟ་རྟོག་བྱས་པ། ཡུ་གུར་བ་ཚོར་རང་གི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་རྣམས་དོར་ནས་རྒྱ་སྐད་དང་རྒྱ་ནག་གི་རིག་གཞུང་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པའི་སྤྱི་སྒེར་གཉིས་ཀར་འགྲིམ་འགྲུལ་བཀག་སྡོམ་དང་ཚོང་འབྲེལ་གཅོད་རྒྱུ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་གི་དྲག་གནོན་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་འབྲེལ་འཛུགས་མི་ཆོག རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་བཏང་འདུག་ཅེས་སྐྱོན་བཙུགས།
ལོ་ན་༦༣་ལ་སོན་པའི་ཁྲེན་ཆོན་གོས་རང་ལ་ཨ་མི་རི་ཀས་ཉེས་ཆད་གཅོད་རྒྱུ་ཡིན་པར་དོ་སྣང་བྱེད་ཀྱི་མེད་པའམ། ཡང་ན་ཁོ་པར་དོ་སྣང་མེད་པའི་རྣམ་འགྱུར་ཞིག་སྟོན་གྱི་ཡོད་ཅིང་། ལོ་འདི་ཧྲིལ་པོར་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེས་བཀག་ཉར་ཁང་བརྒྱ་ཕྲག་མང་པོ་བཙུགས་ནས་ཡུ་གུར་བ་རྣམས་འགོག་ཉར་བྱེད་ཀྱི་འདུག ཁོ་པས་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་སྐྱོན་བརྗོད་ལན་མང་བྱས་པར་མ་ཟད། རྒྱ་ནག་གཞུང་གིས་ཀྱང་ཞིན་ཅང་ན་བཀག་ཉར་ཁང་མེད་ཅེས་བསྙོན་དཀའ་བ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གཞུང་གིས་ལྟེ་གནས་དེ་རྣམས་ལག་ཤེས་སྦྱོང་བརྡར་ཁང་ཡིན། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ཀྱི་ཤུགས་རྐྱེན་འགོག་ཐབས་ཡིན་ཞེས་དགག་པ་བརྒྱབ། ད་སྔ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཅི་ཙམ་བཀག་ཉར་བྱས་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་གྲངས་འབོར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པའི་མི་གྲངས་ས་ཡ་གཅིག་ལས་ཧ་ཅང་ཉུང་བ་ཡིན་ཞེས་ལན་འདེབས་བྱས་འདུག
ད་ལྟ་ཐེ་ཚོམ་མེད་པར་བཤད་ཐུབ་པའི་གནས་ཚུལ་ཞིག་ནི་༢༠༠༩་ལོར་ཞིན་ཅང་གི་ས་གནས་ཁག་ཏུ་ཡུ་གུར་བ་དང་རྒྱ་ནག་པ་ཚོ་འཁྲུག་རྩོད་བྱུང་། ཞིན་ཅང་གི་འཁྲུག་རྩོད་དེ་རྒྱ་ནག་གི་ཁུན་མིང་གྲོང་ཁྱེར་དུ་ཁྱབ་སྟེ་༢༠༡༤་ལོའི་ཕྱི་ཟླ་༣་པར་མི་ཚོགས་ཤིག་གིས་གྲི་བཙུགས་ནས་མི་༣༣་བསད་པའི་གནས་ཚུལ་བྱུང་ཞིང་། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་གྲི་བཟུང་ནས་གཏོར་རྒོལ་བྱེད་མཁན་རྣམས་ཞིན་ཅང་གི་ཡུ་གུར་བའི་དྲག་སྤྱོད་པ་རེད་ཅེས་ནག་ཉེས་བཙུགས། ལོ་དེའི་ཕྱི་ཟླ་༤་པར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཞིན་ཅང་ལ་གཟིགས་ཞིབ་ཏུ་བསྐྱོད་པའི་སྐབས་སུ་དྲག་ཟིང་ལངས་ཏེ་མི་༤༠་ལྷག་བསད་པ་དང་མི་བརྒྱ་སྐྱོར་ཞིག་ལ་རྨས་སྐྱོན་ཕོག དེར་བརྟེན་ཞིས་ཅིན་ཕིང་གིས་ཡུ་གུར་བའི་ངོ་རྒོལ་རྣམས་འཇིགས་སྐུལ་རིང་ལུགས་པའི་གྱེན་ལངས་རེད་ཅེས་ཉེས་མིང་བཏགས། རྒྱ་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་ངོ་རྒོལ་དང་ཨ་མི་རི་ཀར་༩་པའི་༡༡་ཉིན་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བྱུང་བ་གཉིས་གཅིག་མཚུངས་རེད་ཅེས་གཤིབ་སྡུར་བྱས་ཤིང་། ༢༠༡༦་ལོ་ནས་རྒྱ་ནག་གཞུང་གིས་ཁྲེན་ཆོན་གོ་ལ་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་དུ་བཅུག དེང་སྐབས་ཁྲེན་ཆོན་གོ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་༢༥་གྲས་སུ་ཚུད་འདུག
ཨ་རིའི་གྲོས་ཚོགས་འོག་མས་ཁྲེན་ཆོན་གོ་གཙོ་བོར་གྱུར་པའི་ཞིན་ཅང་གི་དྲག་གནོན་ལ་འབྲེལ་བ་ཡོད་པའི་སྤྱི་སྒེར་གཉིས་ཀར་ཉེས་ཆད་གཅོད་དགོས་པའི་གྲོས་ཆོད་བཞག ད་ལྟ་ཨ་རིའི་གྲོས་ཚོགས་གོང་མ་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཞིན་ཅང་གི་ཁྲིམས་གཞི་དེར་མོས་མཐུན་ཡོད་མེད་ཐག་གཅོད་བྱ་དགོས་པས་རྒྱ་ནག་གཞུང་གིས་ཁྲེན་ཆོན་གོ་བདེ་ཐང་ཡིན་མིན་ལྟ་བུའི་སྒེར་གྱི་གནས་ཚུལ་དང་ཁྱིམ་ཚང་གི་གནས་སྟངས། བཟའ་ཟླ་བུ་ཕྲུག་སོགས་ཀྱི་གནས་ཚུལ་རྣམས་གསང་རྒྱ་དམ་པོ་བྱེད་ཀྱི་ཡོད་ཅིང་། ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་མ་བྱས་སྔོན་དེར་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་སྣ་ཚོགས་ཤིག་ལག་ལེན་བསྟར། དེ་ནས་བཟུང་སྟེ་ཨ་རིའི་གཞུང་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་ཁྲེན་ཆོན་གོ་ལ་དོ་སྣང་བྱུང་ཡོད། ཧོང་ཀོང་ཚན་རིག་དང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་བྷེ་རི་སོ་ཊི་མན་གྱིས་ཁྲེན་ཆོན་གོས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་མ་ཐག་ཏུ་ཉེན་རྟོག་པའི་དཔུང་སྡེ་རྒྱ་སྐྱེད་བཏང་སོང་། ཉེན་རྟོག་པའི་ལས་རོགས་ཟེར་པའི་མི་སྟོང་ཕྲག་མང་པོ་གླས་ནས་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་སོང་། ཁྲེན་ཆོན་གོས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་རྣམས་བོད་རང་སྐྱོང་ལྗོངས་ལ་ལག་ལེན་བསྟར་པའི་ཉམས་མྱོང་རེད་ཅེས་བཤད།
འཇར་མན་ཎིར་གནས་འཁོད་ཉམས་ཞིབ་པ་ཨེ་ཌི་རེན་ཟན་ཛི་ཞེས་པ་ཞིག་གིས་ཀྱང་ཞིན་ཅང་ལ་ཁྲེན་ཆོན་གོའི་སྔོན་ནས་བཀག་ཉར་ཁང་འདུག ཡིན་ནའང་ཁོ་པས་བཀག་ཉར་ཁང་རྒྱ་སྐྱེད་དང་བཀོལ་སྤྱོད་གཏོང་སྟངས་ལ་འགྱུར་བ་བཏང་སོང་། ཁྲེན་ཆོན་གོས་ཞིན་ཅང་གི་གྲངས་ཉུང་མི་རིགས་ཚང་མ་སྔོན་ལ་བཀག་ཉར་ཁང་དུ་བཅུག་ནས་བསམ་བློའི་སློབ་གསོ་གཏོང་རྒྱུ་འགོ་ཚུགས་སོང་། ཁོ་པས་ཅི་ཞིག་བསྒྲུབས་ཀྱང་ཐལ་དྲགས་པ་དང་སྔོན་ཆད་བྱུང་མྱོང་མེད་པ། ཛ་དྲག་དང་མགྱོགས་མྱུར་གྱིས་སྒྲུབ་ཀྱི་འདུག ཁོ་པའི་འཆར་གཞི་དེ་རྣམས་རྒྱ་ཆེན་པོ་དང་ཐབས་ཇུས་མཁས་པོ་རེད་ཅེས་བཤད། ཁྲེན་ཆོན་གོ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་སྤྲད་ལད་ཀྱང་འཁྲབ་མཁས་པོ་ཡོད་པ་སྟེ། ཁོ་པ་ཞིས་ཅིན་ཕིང་རྒྱ་ནག་གི་སྲོག་ཤིང་འགོ་ཁྲིད་ཡིན་ཞེས་སྒྲོགས་མཁན་དང་པོའི་གྲས་སུ་ཡོད། ༢༠༡༦་ལོར་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཞུགས་པའི་སྐབས་སུ་འཐུས་མི་ཚང་མས་རང་རང་གི་བྲང་རྟགས་འཁྲིས་སུ་ཞིས་ཅིན་ཕིང་གི་འདྲ་པར་རེ་བཏགས། རྒྱ་ནག་གི་འཐུས་མི་མང་པོ་ཞིག་ལ་མའོ་ཙེ་ཏུང་གི་དུས་སྐབས་དེ་དྲན་སྐུལ་ཐེབས་ནས་དོགས་མ་བདེ་ཞིག་བ་ཞིག་ཏུ་གྱུར། སྐབས་དེའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུའི་ཀྲེན་ཧྲེང་གིས་ཁྲེན་ཆོན་གོ་ཟུར་དུ་ཁྲིད་ནས་ཞིན་ཅིང་ཕིང་གི་འདྲ་པར་བྲང་ཁར་བཏགས་པ་འོས་འཚམས་ཤིག་མ་རེད་ཅེས་བཤད་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས་རང་འགུལ་གྱིས་འདྲ་པར་དེ་ཚོ་བཏགས་པ་རེད་ཅེས་ལན་བཏབ།
ཁྲེན་ཆོན་གོ་ཞིན་ཅང་གི་རྒྱལ་ས་ཨུ་རུ་ཆུ་ཆི་གྲོང་ཁྱེར་གྱི་ས་གནས་གང་རུང་ལ་སོང་སྟེ་ཉེན་རྟོག་པར་འཕྲལ་དུ་ཤོག་ཅེས་ཁ་པར་གཏོང་སྲོལ་ཞིག་ཡོད། ཁོ་པས་ཞིན་ཅང་གི་ཉེན་རྟོག་པ་རྣམས་ས་གནས་དེར་འབྱོར་བར་ཅི་ཙམ་འགོར་གྱི་ཡོད་པ་དུས་ཚོད་བཀག་པ་དང་ལས་བྱེད་པ་ཚོར་ངལ་གསོ་མེད་པར་བདུན་ཕྲག་མང་པོར་བསྟུད་མར་ལས་དོན་སྒྲུབ་ཏུ་འཇུག་གི་ཡོད་པས་ཞིན་ཅང་ས་གནས་ཀྱི་ལས་བྱེད་པའི་གྲས་སུའང་ཁྲེན་ཆོན་གོ་ལ་མི་དགའ་མཁན་མང་པོ་ཞིག་ཡོད་མོད། འོན་ཀྱང་ཁོ་པས་རྟག་ཏུ་རྒྱ་ནག་དབུས་གཞུང་དང་སྲིད་འཛིན་ཞིས་ཅིན་ཕིང་གི་བཀའ་བཞིན་སྒྲུབ་ཀྱི་ཡོད་པས་བྱུས་ཉེས་ཆེན་པོ་ཞིག་མ་བྱུང་ན་སུ་གཅིག་གིས་ཀྱང་སྐྱོན་བརྗོད་བྱེད་མི་ཕོད། རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཁག་གི་སྐབས་སུ་ཁྲེན་ཆོན་གོ་ལྐོག་ཏུ་འཛུལ་ནས་ཞིན་ཅང་གི་ཡུ་གུར་བའི་ལས་སྣེ་ཚོར་གཏམ་བཤད་བྱེད་དུ་འཇུག་པ་དང་ཁོ་པས་རྒྱ་ནག་གི་འགོ་ཁྲིད་ཚོར་འཕྲོད་པ་ཤ་སྟག་འཁྲབ་ཐུབ་ཀྱི་ཡོད་པར་བརྟེན། ཉམས་ཞིབ་པ་མང་པོ་ཞིག་གིས་ཁྲེན་ཆོན་གོ་ལ་ནོར་འཁྲུལ་ཆེན་པོ་ཞིག་མ་བྱུང་ན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་༧་གྱི་གྲས་སུ་འདེམས་ཐོན་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།