ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་ཚོ་གྲོས་མོལ་བྱ་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཕན་ཚུན་ཉེན་བརྡ་གཏོང་རེས་བྱས་ཏེ་བྱང་ཀོ་རི་ཡའི་གནད་དོན་སླར་ཡང་ཛ་དྲག་ཅན་ཞིག་ཏུ་གྱུར་པའི་སྐབས་འདིར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ཟླ་འདིའི་སྤྱི་ཚེས་༢༣་ཉིན་རྒྱ་ནག་ལ་ཕེབས་ནས་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཚོགས་འདུ་ཞིག་མཉམ་ཚོགས་བྱ་འཆར་ཡོད་ཅེས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་འདུག

རོ་ཡེ་ཊར་གསར་འགྱུར་ཁང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་སྤྱི་ཚེས་༢༣་ཉིན་རྒྱ་ནག་ལ་འབྱོར་རྗེས་སྲིད་བློན་ལི་ཁེ་ཆང་དང་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་གཉིས་ཀྱི་མཉམ་དུ་རྒྱ་ནག་གི་ལྷོ་ནུབ་ས་ཁུལ་དུ་ཆགས་པའི་ཁྲེན་ཏུའུ་གྲོང་ཁྱེར་དུ་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་རྣམ་པའི་ཚོགས་འདུ་དེ་འཚོགས་རྒྱུ་རེད་ཅེས་གནས་ཚུལ་སྤེལ། ལྷ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་གཱོ་མིན་ཐིན་གྱིས་རྒྱ་ནག་ཏུ་འཚོགས་རྒྱུའི་ཚོགས་འདུ་དེར་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་ཚོས་ཀོ་རི་ཡའི་ཕྱེད་གླིང་དུ་འབྱུང་བཞིན་པའི་ཛ་དྲག་གི་གནས་ཚུལ་དེར་བསྐྱར་ཞིབ་བྱ་རྒྱུ། འབྲེལ་ཡོད་རྒྱལ་ཁབ་གསུམ་གྱིས་གནད་དོན་འདི་ཇི་ལྟར་ཐག་གཅོད་བྱ་དགོས་མིན། མ་འོངས་པར་ཀོ་རི་ཡའི་ཕྱེད་གླིང་འདི་རྡུལ་ཕྲན་མཚོན་ཆ་མེད་པའི་ཞི་བའི་བསྟི་གནས་ཤིག་ཏུ་སྒྱུར་ཕྱོགས་བཅས་ལ་བགྲོ་གླེང་བྱ་རྒྱུ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཤད་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཐེངས་འདིའི་ཚོགས་འདུའི་ཞོར་དུ་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་དང་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གཉིས་ལ་ཟུར་དུ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཅིང་། བྱང་ཀོ་རི་ཡས་བདུན་ཕྲག་སྔོན་མའི་གཟའ་ཉི་མའི་ཉིན་འཕུར་མདེལ་ཞིག་ཚོད་ལྟ་བྱས་པར་མ་ཟད། ཉེ་ཆར་འཕུར་མདའ་འཕངས་ནས་ཚོད་ལྟ་ཐེངས་འགའ་ཞིག་བྱས་པས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་སླར་ཡང་ཚིག་མཚོན་འདེབས་རེས་ཀྱི་ལམ་དུ་ཞུགས། རྒྱ་ནག་ནི་དུས་ཡུན་རིང་པོར་བྱང་ཀོ་རི་ཡར་འབྲེལ་བ་དམ་ཟབ་ཡོད་པའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཡིན་པས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་བྱེད་ན་རྒྱ་ནག་གིས་ནུས་པ་ཆེན་པོ་ཞིག་འདོན་ཐུབ་ཅེས་ལྷོ་ཀོ་རི་ཡས་ངོས་འཛིན་བྱེད་བཞིན་འདུག དེས་ན་ཐེངས་འདིར་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་ཐུག་འཕྲད་བྱས་ནས་གནས་ཚུལ་འདི་ཐག་གཅོད་ཐུབ་པའི་ཐབས་ལམ་ཞིག་འཚོལ་བཞིན་པ་རེད་ཅེས་རོ་ཡེ་ཊར་ཨེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་ལས་སྣེ་ཞིག་གིས་ང་ཚོས་བྱང་ཀོ་རི་ཡ་དང་ཨ་རིའི་འགལ་ཟླ་ཡོད་དོ་ཅོག་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། གནས་ཚུལ་དེ་དག་ལ་གཞིགས་ནས་འབྱུང་འགྱུར་ལ་སྔོན་དཔག་གཟབ་ནན་ཞིག་བྱེད་ཀྱི་འདུག་ཅེས་བཤད། ཉེ་ཆར་བྱང་ཀོ་རི་ཡའི་འཕུར་མདེལ་ཞིག་ཚོད་ལྟ་བྱས་པའི་རྗེས་སུ་ཨ་རིའི་སྲིད་འཛིན་གྱིས་ཊོས་ཊར་དྲྭ་ལམ་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཨ་རིར་དགྲ་ཟླའི་འདུ་ཤེས་བཟུང་ན་མ་འོངས་པར་བྱང་ཀོ་རི་ཡ་ཕམ་ངེས་ཡིན། ངེད་གཉིས་སིངྒ་པུར་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་ཕྱོགས་ཀྱི་གྲོས་མཐུན་བྱུང་ཡོད། ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་བཙུགས་ཡོད་པ་མེད་པར་གཏོང་མི་སྲིད། ཁོ་པར་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་ཇུས་བྱ་རྒྱུའི་ཀུན་སློང་ཡོད་མི་སྲིད།

ཀིམ་ཇུང་ཨུན་གྱི་འགོ་ཁྲིད་འོག་ཏུ་བྱང་ཀོ་རེ་ཡར་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ཡོད་པ་རྣམས་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་ཁས་ལེན་བྱས་པ་དེར་འགྲོ་གྲོན་གཏོང་དགོས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་དང་རྒྱ་ནག ཨུ་རུ་སུ། དེ་བཞིན་ཉི་ཧོང་བཅས་འཛམ་གླིང་རྒྱལ་ཁབ་ཁག་ལངས་ཕྱོགས་གཅིག་གྱུར་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ། ད་ལོའི་སྤྱི་ཟླ་༥་ནས་བཟུང་སྟེ་བྱང་ཀོ་རི་ཡས་འཕེན་རྒྱང་ཐུང་བ་དང་འབྲིང་བའི་འཕུར་མདེལ་ཐེངས་༡༣་ཚོད་ལྟ་བྱས་འདུག

XS
SM
MD
LG