ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

གཟའ་ཕུར་བུའི་ཉིན་གྱི་གསར་འགྱུར་ཕྱོགས་བསྡུས་ཁག་ཅིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༡ བོད་ནང་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་ལས་འགུལ་བ་ཨ་ཉ་སེང་སྒྲར་སྤྱི་ཚེས་༥་ནས་ཁྲིམས་བཤེར་འགོ་ཚུགས་པའི་གསར་འགྱུར་ཐོན་འདུག ལས་འགུལ་བ་ཨ་ཉ་སེང་སྒྲ་ནི་བོད་ཀྱི་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་ཞིང་། ཁོ་པར་ལོ་སྔོན་མའི་སྤྱི་ཟླ་༩་པའི་ཚེས་༤་ཉིན་རྒྱ་ནག་གཞུང་གིས་སྤྱི་ཚོགས་ལ་དཀྲུགས་ཤིང་སློང་མཁན་གྱི་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་འདུག འཛིན་བཟུང་རྗེས་སུ་གྲོ་ཚང་ངམ། རྒྱ་ནག་གིས་ལོ་ཏུའུ་རྫོང་ཞེས་འབོད་བཞིན་པའི་ལྟ་སྲུང་ཁག་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག ཉེ་ཆར་ཕྱི་ཟླ་༡༡་པའི་ནང་དུ་ས་གནས་དེའི་འབྲེལ་ཡོད་ལས་ཁུངས་ཤིག་གིས་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་བསྐོངས་ནས་ཨ་ཉ་སེང་སྒྲར་ཉེས་འཛུགས་བྱ་རྒྱུའི་གྲྭ་སྒྲིག་བྱས་ཀྱང་སྐབས་དེར་ཁྲིམས་རྩོད་པས་གནས་ཚུལ་དེར་ངོས་ལེན་བྱས་མེད་ཅེས་སྒེར་གྱི་དྲྭ་ཚུགས་སུ་གནས་ཚུལ་སྤེལ་འདུག ཨ་ཉ་སེང་སྒྲས་དེ་སྔོན་མགོ་ལོག་ས་གནས་སུ་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་དང་། རྩྭ་ཆེའི་རི་དྭགས་གསོད་མཁན་བཅས་ལ་ངོ་རྒོལ་ལས་འགུལ་སྤེལ་མྱོང་བར་མ་ཟད། སྤྱི་ལོ་༢༠༡༤་ལོར་དམངས་དོན་གླིང་ཞེས་པའི་ཚོགས་པ་ཞིག་བཙུགས་ནས་ས་གནས་དེའི་དཔོན་རིགས་སོགས་རུལ་སུངས་སུ་གྱུར་ཡོད་པ་མང་པོ་ཞིག་ཐེར་འདོན་བྱས་པས་དོ་བདག་ལ་སྤྱི་ཚོགས་སུ་དཀྲུག་ཤིང་སློང་མཁན་ཞེས་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་པ་རེད།

༢ ཉེ་སྔོན་རྒྱ་གར་རྡ་རམ་ས་ལར་ཚོགས་པའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་༡༤་ལེགས་གྲུབ་བྱུང་ཡོད་པ་ལྟར་ཆོས་ལུགས་ཚོགས་འདུ་དེར་མཉམ་ཞུགས་བྱས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམས་ཟུར་དུ་ཚོགས་ནས་ཉེ་ཆར་ཚོགས་གྲུབ་མ་ཐག་པའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐོག་ཏུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ལ་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུའི་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་ཅིང་། མ་འོངས་པར་ཧི་མ་ལ་ཡའི་མི་མང་གིས་རྒྱ་གར་གཞུང་ལ་གྲོས་ཆོད་དེར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་སྙན་ཞུ་འབུལ་རྒྱུའི་ཐག་གཅོད་བྱུང་འདུག

༣ དེ་རིང་སྤྱི་ཚེས་༥་ཉིན་རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་སླར་ཡང་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་རིམ་པ་དང་པོའི་གྲོས་མཐུན་འཇོག་རྒྱུར་རྒྱལ་ཁབ་གཉིས་ཀྱིས་མོས་མཐུན་བྱུང་ཡོད་ཅེས་བསྒྲགས་འདུག དེ་དང་མཉམ་དུ་ཨ་རིས་ངེས་པར་དུ་རྒྱ་ནག་གི་དངོས་ཟོག་མང་པོ་ཞིག་ལ་སྒོ་ཁྲལ་སྤར་ཟིན་ཡོད་པ་ཁག་ཅིག་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་འདུག རྒྱ་ནག་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་ཀོ་ཧྥུན་གྱིས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་གྲོས་མོལ་རིམ་པ་དང་པོ་འཇོག་ཐུབ་པ་བྱུང་ན་རྒྱ་ནག་གིས་ཨ་རིར་ཕྱིར་ཚོང་བྱེད་བཞིན་པའི་དངོས་ཟོག་ཁག་ལ་ངེས་པར་དུ་སྒོ་ཁྲལ་གཅོག་རྒྱུའི་རྩིས་རྒྱག་གི་ཡོད། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་སྐུ་ཚབ་ཚོགས་པས་མུ་མཐུད་དུ་འབྲེལ་བ་བྱེད་བཞིན་ཡོད་ཅེས་བཤད། སྤྱིར་ཨ་རི་དང་རྒྱ་ནག་རིམ་པ་དང་པོའི་ཚོང་ལས་གྲོས་མཐུན་སྤྱི་ཟླ་༡༡་པའི་ཟླ་མཇུག་དེར་ལེགས་གྲུབ་ཐུབ་སྲིད་པའི་ཚོད་དཔག་བྱས་་ཀྱང་གྲོལ་མཐུན་དེ་སྔོན་གྱི་འཆར་གཞི་ལྟར་འཇོག་ཐུབ་མེད་ཅིང་། ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཚོང་ལས་གྲོས་མཐུན་ལོ་རྗེས་མའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་གཞུག་ལ་མ་གཏོགས་འཇོག་ཐུབ་རྒྱུ་མིན་པའི་གཏམ་བཤད་བྱས་པར་དཔྱད་བརྗོད་པ་ཁག་ཅིག་གིས་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་ལོ་འདིར་ལེགས་གྲུབ་འབྱུང་ཐབས་མེད་པའི་ཚོད་དཔག་བྱེད་བཞིན་པ་རེད། གལ་སྲིད་མ་འོངས་པའི་ཉིན་བཅུའི་ནང་དུ་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་གྲོས་མཐུན་འཇོག་མ་ཐུབ་ཚེ། ཟླ་འདིའི་སྤྱི་ཚེས་༡༥་ནས་ཨ་མི་རི་ཀས་བསྐྱར་དུ་རྒྱ་ནག་ནས་ནང་འདྲེིན་བྱེད་ཀྱི་ཡོད་པའི་ཨ་སྒོར་དུང་ཕྱུར་ཆིག་སྟོང་ལྔ་བརྒྱ་དྲུག་བཅུ་ཐམ་པའི་དངོས་ཟོག་ལ་སྒོ་ཁྲལ་སྤར་འཆར་ཡོད་ཅིང་། དབྱེ་ཞིབ་པ་ཁ་ཤས་ཀྱིས་ཉེ་ཆར་ཨ་རིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་གཏན་འབེབས་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་གྱུར་ཡོད་པ་དང་། དེའི་རྗེས་སུ་ཨ་རིའི་གྲོས་ཚོགས་འོག་མས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་ཞིག་གཏན་འབེབས་བྱས་པ་བཅས་ཀྱིས་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ལ་བར་ཆད་བྱུང་ཡོད་པའི་ཚོད་དཔག་བྱེད་བཞིན་པ་རེད།

༤ ཉེ་ཆར་ཡུ་རོབ་མཉམ་འབྲེལ་གྱིས་མ་འོངས་པར་དྲྭ་རྒྱའི་འཕྲུལ་རབས་ལྔ་པའམ་ཇཱི་༥་པ་ཡུ་རོབ་རྒྱལ་ཁབ་ཁག་ལ་བེད་སྤྱོད་གཏོང་ཕྱོགས་ལ་དམིགས་ནས་དྲྭ་རྒྱའི་སྒྲིག་ཆས་མངགས་ཉོ་བྱ་ཡུལ་ཁག་བདེ་འཇགས་ཀྱི་ཐད་དུ་ཡིད་ཆེས་བློས་འགེལ་བྱེད་ཆོག་ས་ཞིག་ཡིན་དགོས་ཀྱི་འདུག་ཅེས་དགོས་འདུན་བཏོན། ལྷག་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བརྡ་འཕྲིན་སྒྲིག་ཆས་ལ་ངོས་འཛིན་བྱེད་ཕྱོགས་གཅིག་གྱུར་ཅིག་དགོས་ཞེས་བསྟན་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བསྔགས་བརྗོད་བྱས་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་དྲྭ་རྒྱ་འཕྲུལ་རབས་༥་པ་ནི་མ་འོངས་པར་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྟེན་ས་གཙོ་བོ་ཞིག་ལ་འགྱུར་རྒྱུ་ཡིན་པས་འདི་ལ་སྣང་ཆུང་གཏན་ནས་བྱེད་མི་ཉན་པའི་གཏམ་བཤད་སྤེལ། མ་འོངས་པར་འཛམ་གླིང་རྒྱལ་ཁབ་གང་རུང་གིས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་སོགས་དྲྭ་རྒྱའི་བཟོ་ཚོང་ལས་ཁང་ཁག་ལ་མཉམ་འབྲེལ་གྱིས་དྲྭ་རྒྱའི་འཕྲུལ་རབས་ལྔ་པ་བེད་སྤྱོད་བཏང་བ་ཡིན་ན། རྒྱལ་ཁབ་དེ་དག་གི་མི་དམངས་ཀྱི་མི་སྒེར་པའི་གསང་བ་དང་བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཉེན་ཁ་ཆེན་པོ་འབྱུང་རྒྱུ་ཡིན་པའི་ངོས་འཛིན་གྱིས་ཨ་རིའི་གཞུང་གིས་འཛམ་གླིང་རྒྱལ་ཁབ་ཡོངས་ལ་དྲྭ་རྒྱའི་འཕྲུལ་རབས་ར་པའི་འཛུགས་སྐྲུན་གྱི་ཆ་ཤས་ཅི་ཞིག་ཡིན་རུང་ཡིད་ཆེས་བྱ་ཐབས་མེད་པའི་བཟོ་ཚོང་ཁང་ཁག་ལ་མཉམ་འབྲེལ་མི་བྱ་རྒྱུའི་འབོད་སྐུལ་ཞུས་འདུག ཁ་སང་གཟའ་ལྷག་པའི་ཉིན་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇཱོན་སན་གྱིས་མ་འོངས་པར་དབྱིན་ཇིས་དྲྭ་རྒྱའི་འཕྲུལ་རབས་ལྔ་པ་འཛུགས་བྱེད་དུས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱེད་མིན་ལ་དོགས་པ་བྱེད་ཀྱི་ཡོད་ཅེས་བཤད། འཇར་མན་རྒྱལ་ཁབ་ཀྱི་འཇར་མན་གློག་འཕྲིན་ཞེས་པའི་བརྡ་འཕྲིན་བཟོ་ཚོང་ཁང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱས་ནས་དྲྭ་རྒྱའི་འཕྲུལ་རབས་༥་པ་འཛུགས་རྒྱུའི་གན་རྒྱ་འཇོག་རྒྱུ་ཕྱིར་འགྱངས་བྱས་འདུག

༥ ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མར་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་ཞེས་པ་ཞིག་གཏན་འབེབས་ཐག་གཅོད་བྱུང་བའི་སྐབས་འདིར་ཁ་དཀ་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཞིན་ཅང་དུ་ཧ་ས་ཁ་བ་ཚོས་ཀྱང་ཡུ་གུར་བ་ལྟར་མནར་གཅོད་གཏོང་མྱོང་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧ་ས་ཁ་བ་རྣམས་ཀྱང་མ་བརྗོད་པ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག ཁ་སྔོན་ཨ་རིའི་གྲོས་ཚོགས་འོག་མས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོིའི་ཁྲིམས་གཞི་དང་། ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་གཉིས་གཏན་འབེབས་བྱས་སྐབས་བཅས་སྔ་རྗེས་གཉིས་སུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་༤༧༠་ཐམ་པས་རྒྱབ་སྐྱོར་གྱི་འོས་འཕངས་མོད། འོན་ཀྱང་འཐུས་མི་གཅིག་གིས་སྔ་རྗེས་གཉིས་སུ་ངོ་རྒོལ་གྱི་འོས་ཤོག་འཕངས། འཐུས་མི་གཅིག་པུ་དེ་ནི་ཨ་རིའི་ཁན་ཊ་ཀི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཐོ་མ་སི་མེ་ཌི་སེ་ཡིན་ཞིང་། ཁོང་གིས་སྒེར་གྱི་ཊོས་ཊར་དྲྭ་ལམ་དུ་ཁྲིམས་གཞི་དེ་དག་ལ་ངོ་རྒོལ་གྱི་འོས་ཤོག་འཕེན་དགོས་པའི་རྒྱུ་མཚན་ནི་ཨ་རིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མང་དྲགས་འདུག ཨ་རིའི་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་འདི་ལྟར་ཐེ་ཇུས་བྱས་ན་རྒྱལ་ཁབ་གཞན་གྱིས་ཀྱང་ཨ་རིའི་ནང་སྲིད་ལ་ཐེ་ཇུས་འདྲ་མཚུངས་ཤིག་བྱ་སྲིད་ཅེས་རྒྱུ་མཚན་བཀོད་འདུག

༦ ཁ་སང་སྤྱི་ཚེས་༤་ཉིན་ཡུ་རོབ་ཀྱི་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་རཀ་གྲོང་ཁྱེར་སྲིད་གཞུང་གིས་ད་ནས་བཟུང་སྟེ་རྒྱ་ནག་གཞུང་ལ་འབྲེལ་བ་བཅད་ནས་ཐེ་ཝན་ལ་འབྲེལ་བ་འཛུགས་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག འདི་ནི་ཁ་སང་རྒྱ་ནག་གཞུང་གིས་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་རཀ་གྲོང་ཁྱེར་དུ་རོགས་སྐྱོར་ལས་གཞི་ཞིག་སྤེལ་རྒྱུའི་ཞོར་དུ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱ་དགོས། ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་འདུ་སོགས་ལ་ཐེ་ཝན་དང་བོད་ཀྱི་འཐུས་མི་རྣམས་མཉམ་ཞུགས་བྱ་རྒྱུ་འགོག་དགོས་ཞེས་དགོས་འདུན་བཏོན་པར་ངོས་ལེན་དགོས་པའི་གནོན་ཤུགས་སྤྲད་པ་ལས་བྱུང་འདུག ཕུ་རཀ་གྲོང་ཁྱེར་སྲིད་གཞུང་གིས་པེ་ཅིང་ལ་འབྲེལ་བཅད་ནས་ཐེ་ཝན་ལ་འབྲེལ་བ་འཛུགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་སྟེ། ཕུ་རཀ་གྲོང་ཁྱེར་སྤྱི་ཁྱབ་ཧཱེ་རེབ་ཀྱིས་ང་ཚོས་པེ་ཅིང་ལ་འབྲེལ་བ་བཅད་ཡོད། ཟླ་རྗེས་མར་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་ལ་སྤུན་མཆེད་བསྒྲིག་རྒྱུའི་ལས་འཆར་ལ་མིང་རྟགས་འགོད་རྒྱུ་ཡིན་ཅེས་བཤད་བདུག

XS
SM
MD
LG