ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་དང་བལ་ཡུལ་གྱི་རྩོད་གཞིར་གྱུར་པའི་ཀལ་པ་ཎི་ས་ཁུལ།


༄༅།། བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཨོ་ལིས་རྒྱ་གར་ལ་ཀལ་པ་ཎི་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱ་དགོས། བལ་ཡུལ་གཞུང་ལ་རང་གི་ས་མཚམས་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་ཡོད། ང་ཚོས་རྒྱལ་ཁབ་སུ་ཞིག་ལའང་བལ་ཡུལ་གྱི་ས་ཆ་སོར་གང་ཡང་ཧམ་ཟ་བྱེད་དུ་འཇུག་རྒྱུ་མིན། བལ་ཡུལ་གྱི་མངའ་ཁོངས་གཞན་གྱིས་ཧམ་ཟ་བྱས་པ་རྣམས་ང་ཚོས་ཕྱིར་ལེན་བྱ་རྒྱུ་ཡིན། དེ་ལ་བལ་ཡུལ་གྱི་རྒྱལ་སྲུང་དམག་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པའི་རྣམ་པའང་བསྟན་ཡོད། ང་ཚོས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་ཀལ་པ་ཎི་ས་ཁུལ་ནས་དམག་དཔུ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་རྒྱལ་ཡོངས་གཞོན་ནུའི་སྒྲིག་འཛུགས་ལ་གཏམ་བཤད་བྱས་པ་དང་། སྲིད་བློན་ཤཱར་མ་ཨོ་ལིའི་སྐུ་སྒེར་དྲུང་ཆེས་གཏམ་བཤད་ཀྱི་ཡིག་ཆ་རྣམས་གསར་འགོད་པ་ཚོར་བཀྲམ། བལ་ཡུལ་གྱི་རྒྱལ་ཡོངས་གཞོན་ནུའི་སྒྲིག་འཛུགས་ནི་གཞུང་འཛིན་དམར་ཤོག་ཚོགས་པའི་ཕྱོགས་གཏོགས་གཙོ་བོ་ཞིག་རེད།།

ཉེ་ཆར་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ཆབ་སྲིད་ཀྱི་ས་ཁྲ་གསར་པ་ཞིག་འགྲེམ་སྤེལ་བྱས་ཡོད་པ་དེའི་ནང་དུ་ཀལ་པ་ཎ་ས་ཁུལ་རྒྱ་གར་གྱི་མངའ་ཁོངས་སུ་བཀོད། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་ལ་ཀལ་པ་ཎི་ས་ཁུལ་ནི་བལ་ཡུལ་གྱི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ཞེས་དགག་པ་བརྒྱབ། སྲིད་བློན་ཤཱར་མ་ཨོ་ལིས་ཀལ་པ་ཎི་ས་ཁུལ་ནི་སྔ་མོ་ནས་རྒྱ་གར་གྱི་མངའ་ཁོངས་ཡིན་པ་ལྟ་བུ་ཞིག་སྒྲོགས་ཀྱི་ཡོད་ཀྱང་དོན་དངོས་སུ་ས་ཁུལ་དེ་ཧམ་ཟ་བྱས་ནས་ཡུན་རིང་འགོར་མེད། བལ་ཡུལ་ཞི་བདེར་དགའ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་གཞན་གྱི་ས་ཆ་ཧ་ཟ་བྱས་མྱོང་མེད་པ་ཡོངས་གྲགས་ཡིན་པ་ལྟར་རྒྱལ་ཁབ་གཞན་ལའང་བལ་ཡུལ་གྱི་ས་ཆ་ཧམ་ཟ་བྱེད་དུ་འཇུག་རྒྱུ་མིན། མི་ཁག་ཅིག་གིས་བལ་ཡུལ་གྱི་ས་ཁྲར་སྒྱུར་བཅོས་གཏོང་དགོས་ཞེས་ལམ་སྟོན་བྱེད་ཀྱི་འདུག ཡིན་ནའང་ང་ཚོའི་ས་ཆ་ཕྱིར་ལེན་བྱ་རྒྱུ་དེ་བས་ཀྱང་གནད་འགག་ཆེན་པོ་ཡིན། ང་ཚོས་ས་ཁྲར་སྒྱུར་བཅོས་གཏོང་རྒྱུ་མིན། བལ་ཡུལ་གྱི་ས་ཆ་ཕྱིར་ལེན་བྱ་རྒྱུ་ཡིན། འདས་པའི་ལོ་མང་རིང་ཀལ་པ་ཎི་ས་ཁུལ་གྱི་བདག་དབང་ལ་ཅི་ཡང་གླེང་མྱོང་མེད་པའི་མི་ཚོས་དེང་སྐབས་རང་སྣང་གང་དྲན་ལྟར་རྒྱལ་གཅེས་རིང་ལུགས་ཀྱི་ལས་འགུལ་ཞིག་སྤེལ་གྱི་འདུག ང་ཚོས་ཕྱི་འབྲེལ་ཐབས་ཇུས་བརྒྱུད་ནས་ཀལ་པ་ཎི་ས་ཁུལ་གྱི་བདག་དབང་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད།

ཨི་ལཱམ་རྫོང་གི་སན་དཱག་པུར་ས་ཁུལ་གྱི་དེའུ་འབུར་རྩ་དེར་རྒྱ་གར་གྱི་ས་སྲུང་དམག་བཀྲམ་ནས་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀལ་པ་ཎི་ས་ཁུལ་གྱི་མཐོ་སྒང་ལ་ལྟད་མོར་བལྟ་བ་དང་འདྲ་པར་ལེན་དུ་འགྲོ་རུ་འཇུག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། དེའུ་འབུར་དེའི་རྩེ་ནས་ཇོ་མོ་གླང་མ་དང་རྒྱ་གར་གྱི་གངས་རི་རྣམས། འབྲུག་ཡུལ་གྱི་གངས་རི་རྣམས་མཐོང་ཐུབ་པས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་རི་རྩེ་དེར་འདྲ་པར་ལེན་དུ་འགྲོ་སྲོལ་ཞིག་དར། ཐ་ཀུར་ན་ར་ཡན་ཤེ་རེ་སི་ཐ་ཞེས་པ་ཞིག་གིས་ང་རྒྱ་གར་གྱི་དམག་གིས་རི་རྩེ་དེར་འདྲ་པར་ལེན་དུ་འགྲོ་རུ་བཅུག་མ་སོང་། ཁྱེད་ཚོ་རི་རྩེ་དེར་འགྲོ་ཆོག་གི་མ་རེད་ཅེས་བཀག་བྱུང་། ང་ལ་རང་གནས་སུ་ཕྱིར་ལོག་བྱོས་ཞེས་སྡིགས་ར་བསྐུལ་ནས་ཕྱིར་སློག་བྱས་བྱུང་ཞེས་བཤད། སན་དཱག་པུར་གྲོང་གསེབ་ལས་ཁུངས་ཀྱིས་བལ་སྒོར་ས་ཡ་༡༠་འགྲོ་གྲོན་བཏང་ནས་རི་རྩེ་དེར་རྒྱང་ལྟ་བྱ་ཡུལ་མཁར་ལྕོག་ཅིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པའང་རྒྱ་གར་གྱིས་བཀག རྒྱ་གར་གཞུང་གིས་སན་དཱག་པུར་ས་ཁུལ་དེ་རྒྱ་གར་གྱི་དྷ་སི་གྷ་ཇཱ་ས་ཁུལ་གྱི་ཁོངས་སུ་གཏོགས་ཀྱི་ཡོད་པའི་རྒྱུ་མཚན་བགྲངས་སོང་། རྒྱ་གར་གཞུང་གི་བཀག་འགོག་ལ་བརྟེན་ནས་ང་ཚོས་རྒྱང་ལྟའི་མཁར་ལྕོག་དེ་འཛུགས་སྐྲུན་བྱེད་ཐུབ་ཀྱི་མི་འདུག ང་ཚོས་ཨ་ཧ་ལཱ་དཱར་ས་གནས་སུ་སྤྱི་ཁང་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པའང་རྒྱ་གར་གྱི་བཀག་སོང་། སྤྱི་ཁང་འཛུགས་སྐྲུན་དེར་བལ་སྒོར་ས་ཡ་༤༠་ལྷག་འགྲོ་གྲོན་བཏང་བ་ཡིན། རྒྱ་གར་གྱིས་འགོག་རྐྱེན་བརྒྱབ་པའི་སྟབས་ཀྱིས་ང་ཚོས་སྤྱི་ཁང་དེ་ས་གནས་གཞན་ཞིག་ལ་འཛུགས་སྐྲུན་བྱ་དགོས་བྱུང་སོང་། ས་གནས་དེའི་བདག་དབང་བལ་ཡུལ་ལ་ཡོད་ཀྱང་རྒྱ་གར་གཞུང་གིས་ས་གནས་དེར་རྒྱ་ལམ་དང་ཟམ་པ། ཁང་པ་སོགས་འཛུགས་སྐྲུན་བྱེད་དུ་འཇུག་གི་མི་འདུག་ཅེས་སན་དཱག་པུར་གྲོང་གསེབ་ལས་ཁུངས་ཀྱི་གཙོ་འཛིན་ཨུ་དྷ་ཡ་ར་ཡེས་བཤད་འདུག

སམ་ཁོ་ཝན་ཞེས་པའི་དབྱིན་ཇིའི་དམག་ཞབས་ཟུར་པ་དང་བལ་ཡུལ་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་མཁས་པ་ཞིག་གིས་ཀལ་པ་ཎི་ས་ཁུལ་རྒྱ་གར་གྱི་ས་ཁྲའི་ནང་དུ་བཀོད་པ་འདི་ཐེངས་དང་པོ་མ་རེད། ༡༨༧༩་ལོར་རྒྱ་གར་ལ་དབང་སྒྱུར་བྱས་ཡོད་པའི་སྐབས་དེའི་དབྱིན་ཇིའི་གཞུང་གིས་ཀལ་པ་ཎི་ས་ཁུལ་རྒྱ་གར་གྱི་མངའ་ཁོངས་སུ་ཐོག་མར་བཀོད། ༡༩༤༧་ལོར་རྒྱ་གར་ལ་རང་བཙན་ཐོབ་པའི་རྗེས་སུ་དབྱིན་གཞུང་གིས་བྲིས་པའི་ས་ཁྲ་རྣམས་རྒྱ་གར་གཞུང་གིས་རྒྱུན་འཛིན་བྱས་པ་རེད། དེའི་གཞུག་ཏུ་བལ་ཡུལ་གྱི་ར་ན་ཁྱིམ་ཚང་གི་སྲིད་དབང་སྒེར་གཅོད་པའི་སྲིད་གཞུང་ཁག་དང་དམངས་གཙོའི་སྲིད་གཞུང་ཁག་བཅས་མི་རབས་མང་པོས་ཀལ་པ་ཎི་ས་ཁུལ་རྒྱ་གར་གྱི་ས་ཁྲའི་ནང་དུ་བཀོད་ཡོད་པར་སྣང་མེད་བཏང་འདུག ཁོ་ཚོས་དེ་ལྟར་བྱས་དོན་ནི་སྤྱི་སྒེར་གཉིས་ཀར་རྒྱ་གར་གྱི་ལག་ནས་ཁེ་ཕན་ཆེན་པོ་ཞིག་ཐོབ་ཡོད་པའི་སྟབས་ཀྱིས་ཡིན་པ་འདྲ། དེར་བརྟེན་བལ་ཡུལ་གྱི་ཀལ་པ་ཎི་ས་ཁུལ་རྒྱ་གར་ལ་ཤོར་ཡོད་པ་རེད། ད་ལྟ་བལ་ཡུལ་གཞུང་གིས་རྒྱ་གར་གྱི་ས་ཁྲ་གསར་པ་དེར་དགག་པ་རྒྱག་གི་ཡོད་པར་རྒྱུ་མཚན་མི་འདུག་ཅེས་བཤད། ལྷོ་ཨེ་ཤི་ཡའི་ཉམས་ཞིབ་མཁས་པ་སམ་ཁོ་ཝན་བདེན་པ་ཡིན་རུང་སྤྱི་དམངས་ཀུན་ལ་ཁ་པར་དར་པ་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་གྱི་མཐུན་རྐྱེན་ཡོད་པའི་དུས་འདིར་ས་ཆའི་བདག་དབང་ནི་རྒྱལ་ཁབ་ཚང་མའི་མི་དམངས་ལ་ཚོར་སྐྱེན་རྣོ་བའི་གནད་དོན་ཞིག་ཏུ་ཡོད་པ་སྟེ། ཧོང་ཀོང་དང་ཐེ་ཝན་གཉིས་མ་འཁོད་པའི་ས་ཁྲ་ཞིག་ལ་རྒྱ་ནག་གཞུང་དང་མི་དམངས་ཀྱིས་ངོ་རྒོལ་ཅི་ཙམ་བྱ་རྒྱུ་མ་རེད་དམ། འཇའ་མུ་དང་ཀ་ཤི་མིར་རྒྱ་གར་གྱི་མངའ་ཁོངས་སུ་མ་འཁོད་པའི་ས་ཁྲ་ཞིག་བཀྲམ་ན་རྒྱ་གར་གཞུང་དམངས་གཉིས་ཀྱིས་དེ་ལ་ངོ་རྒོལ་ཅི་ཙམ་རྒྱུ་ཡིན་པ་ལྟར་བལ་ཡུལ་ཡང་གཅིག་མཚུངས་རེད་ཅེས་བཤད།

འདི་དང་དུས་མཚུངས་སུ་བལ་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་ཀྱང་རྒྱལ་ཁབ་གཞན་གྱི་གསར་འགྱུར་ལས་ཁང་ཁག་དང་འདྲ་བར་གསར་འགྱུར་རྙིང་པ་ཅི་ཙམ་ཡིན་རུང་མི་རིགས་རིང་ལུགས་ཀྱི་ང་རྒྱལ་བསླངས་ནས་གསར་འགྱུར་སྤེལ་མཁས་པོ་ཡོད་ཅིང་། བལ་བོ་ཚོས་སྔ་མོ་ནས་རྒྱ་གར་ལ་དོགས་ཟོན་བྱེད་ཀྱི་ཡོད་པ་དང་རྒྱ་གར་གྱིས་བལ་ཡུལ་ལ་ཚོང་ལས་དང་འགྲིམ་འགྲུལ་བཀག་སྡོམ་ཐེངས་གསུམ་བྱས་ནས་བཟུང་། བལ་བོ་རྣམས་རྒྱ་གར་ལ་སེམས་གཏིང་ནས་ཡིད་ཆེས་མེད་པར་གྱུར། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ས་ཁྲ་གསར་པ་ཞིག་བཀྲམ་པ་རྒྱ་གར་རྒྱལ་ནང་གི་མི་དམངས་ལ་དམིགས་པ་ཞིག་ཡིན་པ་བལ་ཡུལ་གྱི་ས་ཞིབ་ལྷན་ཁང་གི་ལས་སྣེ་ཚོས་ཀྱང་ངེས་གཏན་ཐུབ། འོན་ཀྱང་བལ་བོ་ཚོ་ངར་ལངས་ནས་རྒྱ་གར་ལ་ངོ་རྒོལ་དང་ཀལ་པ་ཎི་ས་ཁུལ་བལ་ཡུལ་ལ་ཕྱིར་སློག་བྱ་དགོས་ཞེས་སྐད་འབད་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཀལ་པ་ཎི་ས་ཁུལ་ནས་བོད་ཀྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་རྒྱ་ནག་གི་དམག་གི་འགུལ་སྐྱོད་ལ་རྟོག་ཞིབ་བྱེད་ཐུབ། ད་དུང་ས་ཁུལ་དེ་མ་ཕམ་གཡུ་མཚོར་གནས་སྐོར་དུབསྐྱོད་པའི་ལམ་དུ་ཁེལ་ཡོད་པས་རྒྱ་གར་གྱིས་ནམ་ཡང་ས་ཁུལ་དེ་བལ་ཡུལ་ལ་ཕྱིར་སློག་བྱ་མི་སྲིད། རྒྱ་གར་གཞུང་གིས་ཀལ་པ་ཎི་ས་ཁུལ་གྱི་བདག་དབང་ཕྱོགས་གཉིས་ཀྱི་སུ་ལ་ཡོད་མེད་གསལ་པོ་ཞིག་མ་བཀོད་པར་ས་ཁྲ་རང་སོར་འཇོག་པའམ། ཡང་ན་བལ་ཡུལ་ལ་ཀལ་པ་ཎི་ས་ཁུལ་གྱི་ཚབ་ཏུ་ས་ཆ་གཞན་ཞིག་སྤྲོད་སྲིད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཀལ་པ་ཎི་ས་ཁུལ་གྱི་གནས་བབ་ལ་འགྱུར་བ་མེད། ང་ཚོས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་ཏུ་རྩོད་གཞི་ཡོད་པ་རྣམས་བལ་ཡུལ་ལ་གྲོས་མོལ་གྱི་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་འདོད་ཡོད་ཅེས་བཤད་འདུག

XS
SM
MD
LG