ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཕྱི་འབྲེལ་གྱི་ཉམས་མྱོང་རྒད་པོ་ཁེ་སན་ཇཱར་གྱི་ཉེན་བརྡ།


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧན་རི་ཁི་སན་ཇཱར་ནི་དུས་སྔོན་མའི་ལོ་རབས་༧༠་མགོ་སྟོད་དེར་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་འཛུགས་མཁན་དང་༡༩༧༢་ལོར་སྐབས་དེའི་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིཀ་སིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཐུབ་པའི་ལམ་ཁ་གཏོད་མཁན་དེ་ཡིན་ཞིང་། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་ཧན་རི་ཁི་སན་ཇཱར་ཕྱི་འབྲེལ་མཁས་པ་དང་ཕྱི་འབྲེལ་གྱི་ཉམས་མྱོང་རྒད་པོ་ཞིག་ལ་རྩི་བཞིན་ཡོད་ཅིང་། ཁོང་གིས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་ཐག་གཅོད་ཡག་པོ་ཞིག་བྱེད་མ་ཐུབ་པར་འཁྲུག་རྩོད་ལངས་ཚེ། སྔོན་ཆད་འཛམ་གླིང་གི་དམག་ཆེན་ཁག་གིས་ཡུ་རོབ་ཀྱི་སྤྱི་ཚོགས་དཔལ་ཡོན་ཡོངས་སུ་བསྣུབས་པ་ལས་ཀྱང་སྡུག་པ་ཞིག་འབྱུང་གི་རེད། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱི་སུ་ཞིག་ཡིན་རུང་ཕ་རོལ་པོ་དབང་དུ་བསྡུ་མི་ཐུབ། འདི་ནི་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱིས་ངོས་ཟིན་དགོས། མཐར་ཐུག་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཞི་བདེ་མཉམ་གནས་བྱ་དགོས་པ་དེར་གོམས་འདྲིས་ཐེབས་དགོས་ཞེས་བཤད་འདུག

ཁ་སང་གཟའ་ཕུར་བུའི་དགོང་མོར་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བའི་མཐུན་ཚོགས་ཀྱི་ཚོགས་འདུ་ཞིག་ཚོགས་ཏེ་ཧན་རི་ཁི་སི་ཇཱར་ཚོགས་འདུ་དེར་གདན་འདྲེན་ཞུསཁོང་གིས་ད་ལྟ་ང་ཚོ་དཀའ་ངལ་ཆེ་བའི་དུས་སྐབས་ཤིག་ཏུ་ཚུད་ཡོད། ངས་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོས་འཛམ་གླིང་གི་མདུན་ལམ་ནི་རྒྱ་ནག་དང་ཨ་མི་རི་ཀས་རང་གི་དཀའ་ངལ་སེལ་ཐུབ་པ་དང་། དཀའ་ངལ་དེ་སེལ་དགོས་པ་ལྡོག་ཏུ་མེད་པ་ཞིག་ཡིན་པ་ངོས་ཟིན་ཏེ། ཁོ་ཚོས་མཉམ་འབྲེལ་གྱིས་ལས་དོན་བསྒྲུབ་ཐུབ་རྒྱུ་ཡིན་མིན་ལ་ཐུག་ཡོད་པ་ཤེས་རྟོགས་ཐུབ་རྒྱུའི་གདེང་ཚོད་ཡོད། འཛམ་གླིང་འདིའི་ས་ཕྱོགས་མ་འདྲ་བ་གཉིས་སུ་ཆགས་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་རྣམས་ལངས་ཕྱོགས་གཅིག་མཚུངས་ཡིན་པ་ནི་སྔོན་ཆད་ཀྱང་བྱུང་མྱོང་མེད། ཡིན་ནའང་རྟག་བརྟན་གྱི་འཐབ་འཁྲུག་དེར་རྒྱལ་ཁ་འཐོབ་རྒྱུ་མེད། མཐའ་མཇུག་ཨ་རི་དང་རྒྱ་ནག་གཉིས་ཀར་ཚབས་ཆེའི་མཇུག་འབྲས་ཤིག་སྨིན་རྒྱུ་ཡིན་པ་ཤེས་རྟོགས་ཐུབ་དགོས་ཞེས་ལོ་ན་༩༦་ལ་སོན་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧན་རི་ཁི་སན་ཇཱར་གྱིས་ནན་བརྗོད་བྱས་འདུག

༢༠༡༨་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་འགོ་ཚུགསཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་དང་ཨ་རིའི་རིག་དངོས་བདག་དབང་ལ་རྒྱ་ནག་གི་སྲུང་སྐྱོབ་བྱེད་ཀྱི་མེད་པ། ཨ་རིའི་ལས་རྟགས་བརྒྱབ་པའི་ཅ་ལག་མང་པོ་ཞིག་གི་རྒྱ་ནག་གི་བཟོ་གྲྭ་ཁག་གིས་རྫུན་བཟོ་བྱས་ནས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ལོ་ལྟར་ཨ་སྒོར་དུང་ཕྱུར་མང་པོའི་གྱོང་གུད་འཕོག་གི་ཡོད་པ། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་ཀྱི་ཡོད་པ་སོགས་འགོག་ཐབས་ཤིག་ཡིན་རུང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧན་རི་ཁི་སན་ཇཱར་དེ་ལ་མོས་མཐུན་མེད་པ་སྟེ། ཁོང་གིས་རྒྱ་ནག་དང་ཨ་མི་རི་ཀའི་འཁྲུག་རྩོད་འདིར་སེལ་ཐབས་ཤིག་མ་རྙེད་ན་བསམ་ཡུལ་ལས་འདས་པའི་ཆག་སྒོ་ཆེན་པོ་ཞིག་འབྱུང་གི་རེད། རྒྱ་ནག་དང་ཨ་མི་རི་ཀས་གཅིག་གིས་གཅིག་དབང་དུ་བསྡུ་མི་ཐུབ་པའི་འཐབ་རྩོད་གཅིག་བྱེད་ཀྱི་ཡོད་པ་ཤེས་དགོས་ེས་བཤད

ན་ནིང་ཕྱི་ཟླ་༡༡་པར་ཁི་སན་ཇཱར་རྒྱ་ནག་ལ་ཕེབས་ནས་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་ཤིང་ ཁོང་གིས་ནེའུ་ཡོཀ་གྲོང་ཁྱེར་དུ་བསྡུས་པའི་ཚོགས་ཆེན་ཐོག་ཏུ་ང་ཚོས་རྒྱ་ནག་ལ་འབྲེལ་བ་འཛུགས་དུས་འཐབ་ཇུས་ཤིག་ལ་དམིགས་ནས་འབྲེལ་བ་བཙུགས་པ་ཡིན། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་དེར་ཐོག་མ་ནས་མི་མཐུན་པའི་འགལ་ཟླ་ཡོད། ཡིན་ནའང་ང་ཚོས་ལོ་བཅུ་ཕྲག་མང་པོར་ཞི་བདེ་མཉམ་གནས་བྱ་དགོས་པ་ངོས་ཟིན་ཡོད། ངས་མ་འོངས་པར་བལྟས་ཀྱང་རེ་བ་ཆེན་པོ་ཞིག་ཡོད་པ་མཐོང་གི་འདུག རྒྱ་ནག་དང་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་ཚོང་དོན་འགལ་བ་རྣམས་བཟང་ཕྱོགས་ཀྱི་ཐབས་ལམ་ཞིག་བརྒྱུད་ནས་ཐག་གཅོད་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད། འོན་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་དེ་མཇུག་སྒྲིལ་ཐུབ་རྒྱུར་དཀའ་ངལ་ཆེན་པོ་ཞིག་ཡོད་ཅིང་དཔེར་ན་རྒྱ་ནག་གིས་ཨ་མི་རི་ཀའི་ཕག་ཤ་དང་སྲན་དཀར། བྱ་ཤ་སོགས་ནང་འདྲེན་ཇི་ལྟར་བྱ་རྒྱུ་ཡིན་མིན་དང་དུས་ནམ་ཞིག་ནང་འདྲེན་བྱ་རྒྱུ་ཡིན་མིན། སྲིད་འཛིན་ཌོ་ནལ་ཊམ་གྱིསརྒྱ་ནག་གིས་ལོ་ལྟར་ཨ་མི་རི་ཀ་ནས་ཨ་སྒོར་ཐེར་འབུམ་༥༠་ཐམ་པའི་ཞིང་ལས་ཐོན་སྐྱེད་ནང་འདྲེན་བྱ་དགོས་ཟེར་གྱི་ཡོད་པར་རྒྱ་ནག་གིས་ཁས་ལེན་བྱ་རྒྱུ་ཡིན་མིན། ལྷག་པར་དུ་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་རྒྱ་ནག་གིས་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན། ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུ་ཡིན་མིན་སོགས་ངེས་གཏན་མེད་པ་རེད།།

XS
SM
MD
LG