ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་སྒོ་ཁྲལ་སྤར་རྒྱུའི་འཇིགས་སྐུལ།


༄༅།། ཉེ་ཆར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ནེའུ་ཡོཀ་གྲོང་ཁྱེར་དུ་ཨ་རིའི་དཔལ་འབྱོར་དང་ཚོང་ལས་ཀྱི་ཚོགས་ཆེན་ཞིག་ལ་གཏམ་བཤད་བྱས་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ཡར་རྒྱས་འགྲོ་བཞིན་ཡོད་མེད་དང་། ད་ལྟ་ལོ་གཅིག་དང་ཕྱེད་ལྷག་འགྲོ་བཞིན་ཡོད་པའི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་མཇུག་བསྒྲིལ་ཐུབ་རྒྱུའི་རེ་བ་ཡོད་མེད་སོགས་ཀྱི་རྟགས་མཚན་གང་ཡང་བསྟན་མེད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་གནས་སྐབས་ཀྱི་གྲོས་མཐུན་ཞིག་ཡོང་ཐུབ་རྒྱུ་རྒྱང་ཐག་རིང་པོ་མིན། གནས་སྐབས་ཀྱི་གྲོས་མཐུན་དེ་བརྒྱུད་ནས་ཕྱོགས་གཉིས་ཀྱི་ཚོང་ལས་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་ཡོད་སྲིད། གལ་སྲིད་རྒྱ་ནག་གིས་ཨ་མི་རི་ཀའི་ཚོང་ལས་ཀྱི་ཆ་རྐྱེན་ཁག་ལ་ངོས་ལེན་མ་བྱས་ན་ང་ཚོས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཆེན་པོ་ཞིག་སྤར་ཆོག ང་ཚོས་ཨ་མི་རི་ཀར་དགེ་མཚན་ཡོད་པའི་ཚོང་ལས་གྲོས་མཐུན་ཞིག་ལ་མ་གཏོགས་མོས་མཐུན་བྱ་མི་སྲིད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་བསླངས་པའི་རྗེས་སུ་ཨ་མི་རི་ཀའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཡོད། ཨ་མི་རི་ཀས་སྒོ་ཁྲལ་སྤར་པ་དེས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བྱུང་ཡོད་ཅེས་བཤད་ཀྱང་སྒོ་ཁྲལ་སྤར་སྣོན་གྱིས་ཨ་མི་རི་ཀའི་དཔལ་འབྱོར་འཕེལ་རྒྱས་ལའང་གནོད་ཀྱི་ཡོད་པ་གླེང་མེད་པ་རེད།

ད་ལྟ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀས་ཚོང་ལས་ཀྱི་གྲོས་མཐུན་རིམ་པ་དང་པོའམ་ཡང་ན་གནས་སྐབས་ཀྱི་ཚོང་ལས་གྲོས་མཐུན་ཞིག་འཇོག་ཐབས་བྱེད་ཡོད་པ་སྟེ། ཚོང་ལས་ཀྱི་གྲོས་མཐུན་རིམ་པ་དང་པོའི་ནང་དུ་ཕྱི་ཟླ་༡༢་པའི་ཚེས་༡༥་ནས་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ལག་ཐོགས་ཁ་པར་དང་རྩིས་འཁོར། ཕྲུ་གུ་རྩེད་ཆས་སོགས་ཨ་སྒོར་ཐེར་འབུམ་༡༥༦་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ། ཁ་སྔོན་ཕྱི་ཟླ་༩་པའི་ཚེས་༡་ནས་ཨ་རིའི་གཞུང་གིས་ཨ་སྒོར་ཐེར་འབུམ་༡༢༥་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༥་རྒྱག་གི་ཡོད་པ་བརྒྱ་ཆ་༢༥་ལ་སྤར་ཡོད་པ་ཕྱིར་འཐེན་བྱ་རྒྱུ། དེའི་སྔོན་ལ་ཨ་རིའི་གཞུང་གིས་ཨ་སྒོར་ཐེར་འབུམ་༢༥༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་ཞེས་རྒྱ་ནག་གིས་ཨུ་ཚུགས་རྒྱག་གི་ཡོད། འོན་ཀྱང་ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཟིན་པ་རྣམས་དང་། ད་དུང་སྤར་འཆར་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུའི་རྣམ་འགྱུར་གང་ཡང་བསྟན་མེད་པར་བརྟེན། ཟླ་མཇུག་འདིར་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གིས་ཕྱོགས་གཉིས་ཀྱི་ཚོང་ལས་གྲོས་མཐུན་རིམ་པ་དང་པོ་དེར་མིང་རྟགས་འགོད་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། མདོར་ན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་གྲོས་མཐུན་རིམ་པ་དང་པོའམ། ཡང་ན་གནས་སྐབས་ཀྱི་ཚོང་ལས་གྲོས་མཐུན་ཞེས་པ་ནི་ཕྱོགས་གཉིས་ཀྱིས་ཕན་ཚུན་སྒོ་ཁྲལ་སྤར་རེས་བྱ་རྒྱུ་མཚམས་འཇོག་དང་སྒོ་ཁྲལ་སྤར་ཟིན་པ་རྣམས་ཕྱིར་འཐེན་བྱ་རྒྱུ། དེ་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་དང་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་རྒྱ་ནག་གིས་སྲུང་སྐྱོབ་བྱེད་ཀྱི་མེད་པ། ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་ཀྱི་ཡོད་པའི་འགག་རྩ་ཁག་ལ་དངོས་གཞིའི་གྲོས་མོལ་བྱས་ནས་ཚོང་ལས་ཀྱི་གྲོས་མཐུན་གསར་པ་ཞིག་འཇོག་དགོས་པ་རེད།

དཔལ་འབྱོར་དང་ཚོང་ལས་ཉམས་ཞིབ་པ་མང་པོ་ཞིག་གིས་གནས་སྐབས་ཀྱི་ཚོང་ལས་གྲོས་མཐུན་ཞིག་བཞག་ན་རྒྱ་ནག་དང་ཨ་མི་རི་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་ཡོད། ལྷག་པར་དུ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་ལོ་དེར་ཨ་མི་རི་ཀའི་ཞིང་འབྲོག་གི་ཐོན་སྐྱེད་རྣམས་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཐུབ། དེས་ན་སྲིད་འཛིན་ཌོ་ནལ་ཊམ་ལ་སྔར་བཞིན་ཨ་མི་རི་ཀའི་ཞིང་འབྲོག་མང་ཚོགས་ཀྱི་རྒྱབ་སྐྱོར་འཐོབ་ཐུབ་ཅེས་བཤད། ཉམས་ཞིབ་པ་འགའ་ཞིག་གིས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རྣམས་ཕྱིར་འཐེན་བྱེད་ན་ཕྱོགས་གཉིས་ཀྱི་ཚོང་དོན་དཀའ་ངལ་གྱི་འབྱུང་རྩ་དེ་སེལ་མི་ཐུབ། དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རྣམས་ཕྱིར་འཐེན་བྱས་པའི་རྗེས་སུ་རྒྱ་ནག་གིས་ཨ་མི་རི་ཀ་ནས་དངོས་ཟོག་མང་བ་ནང་འདྲེན་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱ་མི་དགོས། རྒྱ་ནག་གི་ས་ཐོག་ཏུ་ཨ་རིའི་རིག་དངོས་བདག་དབང་ལ་རྩིས་མེད་བཏང་ནས་དངོས་ཟོག་རྫུན་བཟོ་བྱེད་ཀྱི་ཡོད་པ་རྣམས་འགོག་མི་ཐུབ། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྣམས་བཙན་འཕྲོག་བྱེད་པའམ། ཡང་ན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་བསླབ་དགོས་པའི་ཁྲིམས་ལ་འགྱུར་བ་ཐེབས་དཀའ། ཨ་རི་དང་རྒྱ་ནག་གི་ཚོང་ལས་གྲོས་མཐུན་རིམ་པ་དང་པོ་དེར་ཨ་མི་རི་ཀས་མོས་མཐུན་བྱས་ན་ཕན་ཐོགས་མེད། མ་འོངས་པར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་དུས་སུ་ཨ་མི་རི་ཀར་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ཇུས་གཅིག་ཀྱང་ལག་ལེན་བསྟར་རྒྱུ་མེད་པར་འགྱུར་རྒྱུ་རེད་ཅེས་རྒྱུ་མཚན་བགྲངས།

ཁ་སྔོན་ཕྱི་ཟླ་༡༠་པའི་ཚེས་༡༡་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་ཀྱི་གྲོས་མཐུན་རིམ་པ་དང་པོ་དེ་འཇོག་ཐུབ་རྒྱུར་རྒྱང་ཐག་རིང་པོ་མེད་ཅེས་བསྒྲགས་ནས་བཟུང་། ད་ལྟའི་བར་དུ་ཕྱོགས་གཉིས་ཀྱི་ཚོང་ལས་གྲོས་མཐུན་རིམ་པ་དང་པོ་དེའི་ནང་དོན་ཞིབ་ཕྲ་ཅི་ཡིན་དང་ཕྱོགས་གཉིས་ཀྱིས་གྲོས་མཐུན་རིམ་པ་དང་པོ་དེ་འཇོག་ཐུབ་གྲབས་ཡོད་མེད་སོགས་ལ་གསལ་བཤད་ཅི་ཡང་བྱུང་མེད། གཟའ་མིག་དམར་གྱི་དགོང་མོར་སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་དེའི་དམིགས་འབེན་གཙོ་བོ་ཞིག་སྒོ་ཁྲལ་སྤར་ན་ཨ་མི་རི་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་འབྱུང་ཞེས་སྐྱོན་བརྗོད་བྱེད་མཁན་ཚོར་གཏད་ཡོད་ཅིང་། ཁོང་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་ནི་འཕྱུག་མེད། རྒྱ་ནག་གིས་ལོ་མང་རིང་ཨ་མི་རི་ཀའི་ཞིང་འབྲོག་གི་ཐོན་སྐྱེད་ལ་སྒོ་ཁྲལ་ཆེན་པོ་སྤར་ནས་དྲང་སྙོམས་མིན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་སོང་། ང་ཚོའི་ཚོང་ལས་སྲིད་ཇུས་དེས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ངེས་གཏན་མེད་པར་བཏང་སོང་ཞེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་ཁུངས་ལུང་མེད། གལ་སྲིད་ང་ཚོས་སྔར་རྒྱུན་བཞིན་ཅི་ཡང་མ་བྱས་པར་བསྡད་ན་ཨ་མི་རི་ཀར་གྱོང་རག་རྒྱུ་ཉག་ཅིག་རེད་ཅེས་དགག་པ་བརྒྱབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བ་དེར་ཨ་མི་རི་ཀའི་ཞིང་འབྲོག་མང་ཚོགས་དང་ཚོང་ལས་ཆུང་ཁག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་ཨ་རིའི་ཚོང་ལས་ཆེ་ཁག་དང་མི་དམངས་བྱིངས། ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

ཕྱི་ཟླ་༡༡་པའི་༡༢་ཀྱི་གཏམ་བཤད་རྗེས་སུ་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་ཀྱི་གྲོས་མཐུན་རིམ་པ་དང་པོ་དེར་མིང་རྟགས་འགོད་ཐུབ་རྒྱུ་ཡིན་མིན་ཡང་དོགས་གནས་སུ་ཟད། དཔེར་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་གཅིག་ལའང་མོས་མཐུན་བྱས་མེད་ཅེས་བཤད་ཡོད་པར་མ་ཟད། ཕོ་བྲང་དཀར་པོའི་རྒྱལ་ཡོངས་དཔལ་འབྱོར་སློབ་སྟོན་པས་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཀྱི་གྲོས་མཐུན་རིམ་པ་དང་པོའི་ནང་དུ་སྒོ་ཁྲལ་ཕྱིར་འཐེན་བྱ་དགོས་པ་ཚུད་སྲིད། ཡིན་ནའང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་གྲོས་མཐུན་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་ཆེན་པོ་ཞིག་མ་བྱུང་བར་དུ་སྒོ་ཁྲལ་ཕྱིར་འཐེན་བྱ་རྒྱུ་མིན་ཞེས་བཤད། ཁོང་གིས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་རྒྱ་ནག་གིས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་མི་དམངས་ཤོག་སྒོར་གྱི་འཛའ་ཐང་གཅོག་མི་ཆོག་པའི་གནད་དོན་ཐོག་ཏུ་ཕྱོགས་གཉིས་ཀྱི་གྲོས་མཐུན་ཡར་རྒྱས་ཕྱིན་ཡོད། ད་དུང་གནད་དོན་གཞན་པ་ཁག་ཅིག་གི་ཐོག་ཏུ་རྒྱ་ནག་དང་ཨ་མི་རི་ཀར་མི་མཐུན་པའི་འགལ་ཟླ་ཡོད་པ་སེལ་ཐུབ་མེད་ཅེས་བཀྲལ། སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་དེའི་ནང་དུ་ཨ་མི་རི་ཀའི་བཟོ་ལས་ཕམ་ཉེས་འབྱུང་གི་ཡོད་པ་བཀག་འགོག་བྱས་ཡོད། ཨ་མི་རི་ཀའི་བཟོ་བ་ཚོར་གྱོང་རག་གི་ཡོད་པ་བཀག་ཡོད། དེང་སྐབས་ཨ་མི་རི་ཀའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པ་འདི་འདྲ་ཞིག་སྔོན་ཆད་བྱུང་མྱོང་མེད་ཅེས་ཨ་རིའི་རྒྱལ་ནང་དང་། རྒྱ་ནག་གཙོ་བོར་གྱུར་པའི་ཨ་མི་རི་ཀར་ཚོང་ལས་ཆ་མཉམ་མེད་པའི་རྒྱལ་ཁབ་ཁག་ལ་བརྡ་ལན་གསལ་པོ་ཞིག་བཏང་ཡོད་པ་རེད།།

XS
SM
MD
LG