ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཐེ་ཝན་གྱི་གོ་མིན་ཏང་གི་སྲིད་འཛིན་འོས་མིའི་རོགས་པ།


༅།། ཐེ་ཝན་གྱི་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་གོ་ཡུས་རང་གི་སྲིད་འཛིན་གཞོན་པའི་འོས་མི་དེར་སྲིད་བློན་ཟུར་པ་ཀྲང་ཧྲན་ཀྲིང་བདམས། ༢༠༢༠་ལོའི་ཕྱི་ཟླ་དང་པོར་ཐེ་ཝན་ལ་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་ཅིང་། ཧན་གོ་ཡུས་རང་གི་སྲིད་འཛིན་གཞོན་པའི་མི་འོས་མི་དེར་ཀྲང་ཧྲན་ཀྲིང་གདམ་རྒྱུ་དུས་ཡུན་གང་འཚམ་ཞིག་གི་སྔོན་ནས་ཐག་གཅོད་བྱས་པ་ཡིན། ང་ཚོ་གཉིས་ཀ་ཀྲུང་ཧྭ་མིན་གོ་ལ་དགའ་ཞེན་ཡོད་པ་དང་ཐེ་ཝན་གྱི་མདུན་ལམ་ལ་སེམས་ཁུར་ལེན་མཁན་གཅིག་མཚུངས་ཡིན། ངས་ཀྲང་ཧན་ཀྲིང་ལ་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་དོན་དུ་དཀའ་ངལ་རྒྱག་འདོད་ཡོད་ཅེས་བཤད་ཀྱང་སྲིད་འཛིན་གཞོན་པའི་མི་འོས་གདམ་སྒྲུག་བྱེད་སྟངས་ཀྱི་རྒྱུད་རིམ་ལ་འགྲེལ་བཤད་ཞིབ་ཕྲ་ཞིག་བརྒྱབ་མེད་པ་རེད།

གོ་མིན་ཏང་གི་སྲིད་འཛིན་གཞོན་པའི་འོས་མི་ཀྲང་ཧན་ཀྲིང་གིས་རང་ཉིད་རང་བཙན་གྱི་སྲིད་དོན་པ་ཞིག་ཡིན། གོ་མིན་ཏང་དང་དམངས་གཙོ་ཡར་ཐོན་ཚོགས་པའི་འཐབ་རྩོད་ལ་དགའ་མོས་མེད། ངས་ཧན་གོ་ཡུའི་སྲིད་གཞུང་གིས་ཅི་ཞིག་འགྲིག་ཡོད་པ་དང་ཅི་ཞིག་ནོར་ཡོད་པར་དམིགས་པ་གཏོད་རྒྱུ་དང་ཆབ་སྲིད་མི་འཁྲབ་རྒྱུའི་རེ་བ་འཆང་ཡོད། སྲིད་འཛིན་ཚེ་དབྱིན་ཝེན་གྱི་གཞུང་གིས་ཡར་རྒྱས་གཏོང་མི་ཐུབ་པར་རྒྱལ་ཁབ་ཀྱི་ཐོན་སྐྱེད་རྣམས་ཆུས་ཟོས་སུ་གཏོང་བ་དང་དམངས་གཙོར་གཏོར་བརླག་བྱེད་ཀྱིན་འདུག ཧན་གོ་ཡུ་ལ་མི་མང་ཕོན་ཆེན་ཞིག་གིས་རེ་ལྟོས་འཆང་ཡོད་པས་ང་སྲིད་འཛིན་གཞོན་པའི་འོས་མིར་ལངས་ནས་ཧན་གོ་ཡུའི་དམིགས་ཡུལ་རྣམས་མངོན་དུ་འགྱུར་བའི་རོགས་ཕན་སྒྲུབ་ཐུབ། ང་ལ་འགན་འཁྲི་ལེན་འདོད་ཡོད་ཅེས་བཤད། གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་གོ་ཡུས་གཟའ་ཟླ་བའི་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་ཏུ་འཆར་གཞི་དང་སྲིད་ཇུས་སོགས་ཆབ་སྲིད་ཀྱི་གནད་དོན་ཆེ་ཁག་ཕྱིར་བསྒྲགས་བྱས་མེད་པ་རེད།

ཧན་གོ་ཡུས་རང་གི་འཆར་གཞི་དང་སྲིད་ཇུས་རྣམས་ཕྱིས་སུ་ཁྱབ་བསྒྲགས་བྱ་འཆར་ཡོད། སྲིད་འཛིན་ཞིག་ཡིན་ན་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྲུང་། ཕྱི་འབྲེལ་བཅས་ལ་འགན་ཁུར་ལེན་དགོས། སྲིད་འཛིན་གཞོན་པས་སྲིད་བློན་ལ་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། ཀྲང་ཧྲན་ཀྲིང་ལ་འཕྲུལ་རིག་ལག་རྩལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པས་གསར་གཏོད་ཀྱི་ལས་དོན་བསྒྲུབས་ནས་མི་མང་རྣམས་འབྱོར་ཕྱུག་ལྡན་པ་ཞིག་ལ་བསྒྱུར་ཐུབ་པའི་ཡིད་ཆེས་ཡོད། སྲིད་གཞུང་གིས་ཐེ་ཝན་གྱི་གྲངས་ཉུང་མི་རིགས་ཁག་གི་བདེ་སྡུག་ལའང་ལྟ་རྟོག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

ཐེ་ཝན་གྱི་གཞུང་འཛིན་ཚོགས་པ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་གྱིས་སྲིད་འཛིན་གཞོན་པའི་འོས་མི་གཏན་འབེབས་བྱས་མེད་མོད། འོན་ཀྱང་ཉམས་ཞིབ་པ་མང་པོ་ཞིག་གིས་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྱང་སྲིད་བློན་ཟུར་པ་ལེ་ཆིང་ཏེ་གདམ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། ཕྱི་ཟླ་༡༡་པའི་ཚེས་༡༨་ནས་ཚེས་༢༢་བར་དུ་ཐེ་ཝན་གྱི་སྲིད་འཛིན་འོས་མི་ཚོས་རང་གི་ལས་རོགས་རྣམས་ཕྱིར་བསྒྲགས་བྱས་ནས་ཐོ་འགོད་བྱ་དགོས། ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་མི་མང་འོས་ཤོག་འཕེན་མཁན་ཚོར་སྐད་ཆ་དྲིས་ནས་བསམ་ཚུལ་བརྟགས་པ་ལྟར་ན། གལ་སྲིད་ཐེ་ཝན་གྱི་མི་དམངས་དང་པོ་ཚོགས་པའི་སྲིད་འཛིན་འོས་མི་སུང་ཁྲུ་ཡུས་སྲིད་འཛིན་འོས་འདེམས་ལ་མཉམ་ཞུགས་བྱས་ཀྱང་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་ལ་མི་མང་འོས་ཤོག་འཕེན་མཁན་མང་བ་ཡོད་པ་ཤེས་རྟོགས་བྱུང་འདུག

ད་ལྟའི་ཆར་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༤༥་དང་གྲངས་ཆུང་༧་གྱིས་སྲིད་འཛིན་ཚེ་དབྱིན་ཝེན་ལ་རྒྱབ་སྐྱོར་བྱས་ནས་འོས་ཤོག་འཕེན་རྒྱུ་ཡིན་ཞེས་བཤད། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༣༣་དང་གྲངས་ཆུང་༧་གྱིས་ཧན་གོ་ཡུས་ལ་རྒྱབ་སྐྱོར་བྱས་ནས་འོས་ཤོག་འཕེན་རྒྱུ་ཡིན་ཞེས་ལན་བཏབ་འདུག ཐེ་ཝན་གྱི་མི་དམངས་དང་པོ་ཚོགས་པའི་སྲིད་འཛིན་འོས་མི་སུང་ཁྲུ་ཡུས་སྲིད་འཛིན་འོས་འདེམས་ལ་མཉམ་ཞུགས་བྱས་པའི་དབང་དུ་བཏང་རུང་། ད་དུང་ཡང་སྲིད་འཛིན་ཚེ་དབྱིན་ཝེན་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༣་དང་གྲངས་ཆུང་༧་གྱིས་རྒྱབ་སྐྱོར་བྱས་ནས་འོས་ཤོག་འཕེན་རྒྱུའི་ལན་འདེབས་བྱས་འདུག ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་ཐེ་ཝན་གྱི་རྫོང་ཁག་༢༢་ཀྱི་ལོ་ན་༢༠་ཡན་ཆད་ཀྱི་མི་གྲངས་༤༤༥༡་ལ་སྐད་པར་བཏང་ནས་བསམ་ཚུལ་དྲིས་འདུག བསམ་ཚུལ་འདྲི་ཞིབ་འདིར་ནོར་འཁྲུལ་བརྒྱ་ཆ་༡་དང་གྲངས་ཆུང་༥་མ་ཟིན་ཙམ་ཞིག་ཡོད་སྲིད་ཀྱང་བདེན་ཆ་བརྒྱ་ཆ་༩༥་ཙམ་ཡོད་པའི་ངེས་གཏན་བྱས་འདུག

ཧོང་ཀོང་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱིས་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཐེ་ཝན་གྱི་ཚོང་པ་ས་ཡ་༡་ཡས་མས་ཤིག་ཡོད་པ་དེ་དག་གིས་གོ་མིན་ཏང་གི་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱ་རྒྱུ་མིན་ཞིང་། དཔེར་ན་ཐེ་ཝན་གྱི་ཚོང་པ་མང་པོ་ཞིག་ལ་རང་གི་མཚོ་གླིང་དེ་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་བཙན་འཛུལ་འོག་ཏུ་ཚུད་སྲིད་པའི་བློ་འཚབ་ཆེན་པོ་འདུག རྒྱ་ནག་གི་ས་ཐོག་ཏུ་ཐེ་ཝན་གྱི་ཚོང་པ་ཡོད་པ་དེ་དག་གི་སྟོབས་ཤུགས་ཀྱང་ཉམས་ཀྱི་འདུག སྔོན་ཆད་གོ་མིན་ཏང་ལ་རྒྱ་ནག་གི་ས་ཐོག་ཏུ་མི་ས་ཡ་གཅིག་ཙམ་གྱི་ཚོང་ལས་གཉེར་མཁན་ཡོད་པ་དེ་དག་གིས་འོས་ཤོག་འཕངས་ནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་མྱོང་ཡོད་ཅིང་། ནོ་ཊི་ཧམ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་གིས་ཐེ་ཝན་གྱི་ཚོང་ལས་མཐུན་ཚོགས་ལ་སྔར་བཞིན་མཚོ་འགག་ཕྱོགས་གཉིས་ཀྱི་མི་དམངས་རྣམས་གཅིག་སྒྲིལ་བྱེད་ཐུབ་པའི་ནུས་པ་ཉམས་འདུག ༢༠༡༩་ལོར་ཐེ་ཝན་ནས་རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་མཁན་ཧ་ཅང་ཇེ་ཉུང་དུ་ཕྱིན་ཡོད་པར་མ་ཟད། ཐེ་ཝན་ཚོང་ལས་མཐུན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ཆབ་སྲིད་ཀྱི་གནད་དོན་མིན་པར་རང་གི་མ་རྩ་དང་ཚོང་ལས་ཀྱི་ཁེ་ཕན་རྣམས་སྲུང་སྐྱོབ་བྱ་རྒྱུ་འབའ་ཞིག་རེད་ཅེས་བཤད།

རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་དུ་ཚུགས་ཡོད་པའི་ཀྲུང་ཧན་སློབ་གྲྭ་ཆེན་མོའི་ཐེ་ཝན་གྱི་ཉམས་ཞིབ་པ་ཞིག་གིས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱངུ་བར་གཞིགས་ན། ཐེ་ཝན་པ་མང་པོ་ཞིག་ལ་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་དེར་ལྟ་ཚུལ་བཟང་པོ་མེད་པ་དང་། ༡༩༩༩་ལོར་བཞག་པའི་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་ཞེས་པའི་གྲོས་མཐུན་དང་རྒྱ་ནག་གཞུང་གིས་ཐེ་ཝན་ལ་ལག་ལེན་བསྟར་དགོས་ཟེར་གྱི་ཡོད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་སོགས་ལ་འདོད་པ་མེད་པ། ཁོ་ཚོ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ལངས་ཕྱོགས་ལའང་འདོད་པ་མེད་པ། འདོད་པ་མེད་དོན་ནི་ཚེ་དབྱིན་ཝེན་གྱིས་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ལྟར་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་ཇུས་ཤིག་འཛིན་གྱི་མེད་པ་དེར་ཐུག་ཡོད་པ་ཞིག་མིན་པར་དེའི་སྔོན་གྱི་སྲིད་འཛིན་ཁྲེན་ཧྲུའི་པེན་ལྟར་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་ཞིག་འཛིན་ཐུབ་ཀྱི་མེད་པར་ཐུག་འདུག་ཅེས་བཤད། ཐེ་ཝན་གྱི་ཚོང་པ་གཞན་པ་ཚོས་རྒྱ་ནག་སྐམ་ས་ཆེན་མོར་ཚོང་ལས་གཉེར་བཞིན་པའི་ཐེ་ཝན་པའི་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་མི་ཚོ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་བློ་བདེ་བོ་མེད་ཚེ། ཁོ་ཚོས་ཅིའི་ཕྱིར་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཞིག་ལ་འོས་ཤོག་འཕེན་དགོས་རེད་དམ་ཞེས་དོགས་འདྲི་བྱས་འདུག ཉེ་ཆར་རྒྱ་ནག་གཞུང་གིས་ཐེ་ཝན་ལ་ལག་ལེན་བསྟར་རྒྱུའི་ཐབས་ཇུས་༢༦་ཕྱིར་བསྒྲགས་བྱས་པ་ནི་ལོ་རྗེས་མའི་ཐེ་ཝན་གྱི་འོས་འདེམས་ལ་ཐེ་རྒྱ་ནག་གིས་ཐེ་གཏོགས་བྱ་ཐབས་སམ། ཡང་ན་ཐེ་ཝན་པའི་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་མི་ཚོས་སྔར་བཞིན་གོ་མིན་ཏང་གི་སྲིད་འཛིན་འོས་མིར་འོས་ཤོག་འཕེན་རྒྱུའི་དམིགས་ཡུལ་ཡིན་ཞིང་། ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་ལངས་ཕྱོགས་བཟུང་ཡོད་པ་རེད།།

XS
SM
MD
LG