ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཧོང་ཀོང་གི་སྤྱི་ཁྱབ་འཕོ་འགྱུར་གཏོང་སྲིད།


༄༅།། ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༣་ཡས་མས་སུ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་འཕོ་འགྱུར་གཏོང་རྒྱུའི་བསམ་གཞིགས་བྱེད་ཀྱི་ཡོད་པ་དང་། ཧོང་ཀོང་གི་སྤྱི་ཁྱབ་ཀྱི་ཁེ་རི་ལམ་གྱི་ཚབ་ལ་བསྐོ་བཞག་བྱ་སྲིད་པའི་འོས་མི་གཙོ་གྲས་ཀྱི་ཁོངས་སུ་ཧོང་ཀོང་གི་ནོར་སྲིད་དྲུང་ཆེ་ཟུར་པ་ཐང་དབྱིང་ཉཱེན་དང་ཧོང་ཀོང་གི་མ་དངུལ་ཐེབས་རྩ་ཁང་གི་འགོ་ཁྲིད་ཟུར་པ་ཆན་ཏཀ་ལམ་སོགས་འདུག་ཅེས་ནོར་སྲིད་ཚགས་པར་སྟེང་གནས་ཚུལ་སྤེལ། ཕྱི་ཟླ་༡༠་ཚེས་༢༣་ཉིན་རྒྱ་ནག་གཞུང་གིས་ནོར་སྲིད་ཚགས་པར་ལ་ཐོན་པའི་གསར་འགྱུར་དེ་བདེན་པ་མ་རེད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་ཁེ་ལི་ལམ་འཕོ་འགྱུར་གཏོང་རྒྱུའི་བསམ་གཞིགས་བྱེད་ཀྱི་མེད་ཅེས་གསལ་བཤད་བྱས་ཡོད་པ་སྟེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་སྐད་ཆ་དེ་ཚོ་ཆབ་སྲིད་ཀྱི་དཀྲོག་གཏམ་ཞིག་ཡིན་དང་དེ་ལ་ཕུགས་ཀྱི་དམིགས་ཡུལ་ཞིག་ཡོད་ངེས་རེད། རྒྱ་ནག་དབུས་གཞུང་གིས་སྔར་བཞིན་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་དང་ས་གནས་དེའི་འགོ་ཁྲིད་ཚོས་འཕྲལ་དུ་དྲག་ཟིང་འགོག་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་ཡོད་ཅེས་བཤད། དེ་བཞིན་ཟླ་བ་སྔོན་མར་ཡང་རྒྱ་ནག་གི་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་ཁང་གི་མགྲིན་ཚབ་པ་དབྱང་ཀྭང་གིས་ང་ཚོས་ཁེ་རི་ལམ་གྱི་འགོ་ཁྲིད་པའི་ཧོང་ཀོང་ས་གནས་གཞུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསལ་བསྒྲགས་སྤེལ་མྱོང་ཡོད་པ་རེད།

ད་སྔ་ཧོང་ཀོང་ས་གནས་གཞུང་གིས་ནོར་སྲིད་ཚགས་པར་ལ་རྒྱ་ནག་གཞུང་གིས་ཁེ་རི་ལམ་འཕོ་འགྱུར་གཏོང་རྒྱུའི་བསམ་གཞིགས་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་བར་ལན་འདེབས་སོགས་གང་ཡང་བྱས་མེད་མོད། འོན་ཀྱང་ད་ལོ་ཧོང་ཀོང་གི་ངོ་རྒོལ་འགོ་ཚུགས་པའི་རྗེས་སུ་ཁེ་རི་ལམ་གྱི་ནང་མོལ་ཚོགས་འདུ་ཞིག་གི་ཐོག་ཏུ་ང་ལ་གདམ་ཀ་ཡོད་ན་ཧོང་ཀོང་གི་སྤྱི་ཁྱབ་ཀྱི་ལས་གནས་ནས་གནང་བ་ཞུ་འདོད་ཡོད། ང་ལ་བཀའ་གཏོང་མཁན་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་མི་དམངས་བཅས་དཔོན་པོ་གཉིས་ཡོད། གལ་སྲིད་ངས་རང་གི་ལས་གནས་ནས་གནང་བ་ཞུས་ནས་ངོ་རྒོལ་ལས་འགུལ་འདི་མཚམས་ཆད་ཀྱི་ཡོད་ན་ངས་དགོངས་པ་ཞུ་ཆོག ཡིན་ནའང་ང་ལ་གདམ་ཀ་མི་འདུག་ཅེས་ཁོ་མོར་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་ཀྱི་ལས་གནས་ནས་གནང་བ་ཞུ་རུ་འཇུག་གི་མེད་པའི་སྐད་ཆ་ཞིག་ལ་ཕྱི་ལ་ཁྱབ། ཧོང་ཀོང་གི་ཉམས་ཞིབ་པ་ཚོས་མི་མང་གི་བསམ་ཚུལ་བསྡུས་པའི་གྲུབ་འབྲས་ལྟར་ན་ཁེ་རི་ལམ་གྱི་ལས་དོན་སྒྲུབ་ཕྱོགས་ལ་མོས་མཐུན་ཡོད་མཁན་མི་མང་བརྒྱ་ཆ་༢༢་དང་གྲངས་ཆུང་༢་ལས་མེད་ཅིང་། འདི་ནི་ཁོ་མོས་ཧོང་ཀོང་གི་སྤྱི་ཁྱབ་ཀྱི་ལས་ཁུར་བཞེས་ནས་བཟུང་སྟེ་ལས་དོན་སྒྲུབ་ཕྱོགས་ལ་མོས་མཐུན་ཡོད་མཁན་གྱི་མིའི་གྲངས་འབོར་གྱི་ཚད་ཆེས་དམའ་ཤོས་སུ་ལྷུང་བ་ཞིག་ཡིན། དེ་རིང་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་གྲོས་ཚོགས་ཁྲིམས་བཟོ་བ་ཚོས་རྩིས་སྤྲོད་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་དངོས་སུ་ཕྱིར་འཐེན་གྱིས་རྒྱ་ནག་ནས་ཧོང་ཀོང་ལ་བྲོས་བྱོལ་དུ་ཡོང་བ་རྣམས་སྐམ་ས་ཆེན་མོར་ཕྱིར་སློག་བྱ་རྒྱུའི་ཁྲིམས་གཞི་མེད་པར་བཏང་འདུག

དེང་སྐབས་ཧོང་ཀོང་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་ཉེན་རྟོག་པར་རྒོལ་འཛིང་བྱེད་པ། ས་སྣུམ་གྱི་འབར་མདེལ་འཕེན་པ་དང་ས་འོག་མེ་འཁོར་འབབ་ཚུགས་ཁག་དང་ཚོང་ཁང་སོགས་ལ་བཅག་གཏོར་གཏོང་བ། ཉེན་རྟོག་པས་མི་ཚོགས་ཁྲོད་དུ་མེ་མདའ་བརྒྱབ་པ་དང་མཆི་སྦྱིན་དུག་རླངས་གཏོར་པ། རྒྱུག་པས་རྡུང་རྡེག་བཏང་ནས་ཟིང་ཆ་ཆེན་པོ་ཞིག་ལང་གི་ཡོད་པ་རྣམས་ཧོང་ཀོང་མི་དམངས་ས་ཡ་༧་དང་འབུམ་༤་ལྷག་གི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན་ཞིང་། སྔོན་ཆད་ཞི་བདེ་བརྟན་ལྷིང་དང་ཚོང་ལས་འཕེལ་རྒྱས། འཁྲུག་ཆ་དོད་པོའི་ཧོང་ཀོང་གྲོང་ཁྱེར་དེ་ཉིད་ཟླ་ཤས་སྔོན་ནས་མི་མང་ངོ་རྒོལ་བ་དང་ཉེན་རྟོག་པའི་དྲག་གནོན། རྒྱ་གཞུང་གི་དམག་སྦྱོང་འཇིགས་སྐུལ་བྱ་ཡུལ་དང་མཆི་སྦྱིན་དུག་རླངས་ཀྱི་སྙིགས་རོས་ཁེངས་ས། འགོག་ར་སོགས་བསླངས་པའི་དམག་ས་ལྟ་བུ་ཞིག་ཏུ་གྱུར། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྡུག་ཏུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རྒྱ་ནག་གཞུང་གིས་ས་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུ་ཤུགས་ཆེ་རུ་སོང་སྟེ་ཧོང་ཀོང་དང་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ཁྱད་པར་མེད་པ་ཞིག་ཏུ་འགྱུར་གྱི་ཡོད་པ་དང་། ཧོང་ཀོང་ས་གནས་གཞུང་གིས་ངོ་རྒོལ་ཁྲོམ་སྐོར་དུས་སུ་གདོང་འབག་གྱོན་མི་ཆོག་པའི་སྒྲིག་ཁྲིམས་ལག་ལེན་བསྟར་པ། མི་མང་ངོ་རྒོལ་ཁྲོམ་སྐོར་བ་༢༥༠༠་ལྷག་འཛིན་བཟུང་བྱས་ཡོད་པ་དང་ཧོང་ཀོང་མི་དམངས་ཀྱིས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པའི་བཞི་ཧོང་ཀོང་ས་གནས་གཞུང་གིས་སྒྲུབ་ཀྱི་མེད་པར་ཐུག་འདུག

ཧོང་ཀོང་མི་དམངས་ཀྱི་དགོས་འདུན་དོན་ཚན་ལྔ་ནི་རྩིས་སྤྲོད་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་པ་དང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རྣམས་གློད་གྲོལ་གཏོང་རྒྱུ། ཧོང་ཀོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་རྣམས་ལ་ནག་ཉེས་འཛུགས་མི་ཆོག་པ། ཧོང་ཀོང་གི་ཉེན་རྟོག་པས་མི་མང་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་ཚབས་ཆེན་བྱས་པར་རང་བཙན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་རྒྱུ། ཧོང་ཀོང་ལ་དམངས་གཙོའི་སྒྱུར་བཅོས་བཏང་ནས་མངའ་ཁུལ་དེའི་སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་རྣམས་མི་དམངས་ལ་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་དགོས་འདུན་དོན་ཚན་ལྔ་བཏོན། ཕྱི་ཟླ་༡༠་པའི་ཚེས་༢༣་ཉིན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་རྩིས་སྤྲོད་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་དངོས་སུ་ཕྱིར་འཐེན་བྱས་ཀྱང་དགོས་འདུན་དོན་ཚན་གཞན་པ་བཞི་ལ་ཧོང་ཀོང་ས་གནས་གཞུང་གིས་མོས་མཐུན་བྱེད་ཀྱི་མེད་པར་མ་ཟད། རྒྱ་ནག་གཞུང་ལ་ཧོང་ཀོང་གི་སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལམ་ནས་ནམ་ཡང་འོས་འདེམས་བྱེད་དུ་འཇུག་འདོད་མེད། ད་ལྟའི་ཧོང་ཀོང་གི་སྤྱི་ཁྱབ་རྒྱ་ནག་གཞུང་གིས་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་གསུམ་ཆའི་གཉིས་རྒྱ་ནག་སྐམ་ས་ཆེན་མོར་ཚོང་ལས་ཀྱི་མ་རྩ་བཙུགས་ཡོད་པ་དང་བཟོ་ཚོང་བདག་པོ། རྒྱ་ནག་གི་ཕྱོགས་གཏོགས་པ་ཧོང་ཀོང་གི་འབྱོར་ལྡན་པ་ཚོ་ཡིན་པས་ཧོང་ཀོང་མི་དམངས་ཀྱིས་འོས་འདེམས་བྱས་པའི་འཐུས་མི་ཉུང་ཤས་ལས་མེད།

སྤྱི་ཁྱབ་ཁེ་རི་ལམ་གྱིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བཀག་ནས་དཀའ་ངལ་རྣམས་སེལ་ཐུབ་ན་རང་ལ་ཆབ་སྲིད་ཀྱི་ཁེ་ཕན་ཞིག་འཐོབ་རྒྱུའི་རྩིས་བརྒྱབ། ཡིན་ནའང་ད་ལྟ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གྱི་འགྱུར་ལྡོག་ལ་བལྟས་ན་ཁེ་རི་ལམ་ཐོག་མ་ནས་རྩིས་ལོག་ཐེབས་ཡོད་པ་ར་འཕྲོད། ཧོང་ཀོང་གི་འཕྲུལ་རིག་སློབ་གྲྭ་ཆེན་མོའི་སྲིད་དོན་ཉམས་ཞིབ་པ་ཁྲན་ཝེ་ཀེང་ཞེས་པ་ཞིག་གིས་གོམ་སྟབས་ནོར་པ་ཞིག་སྤོས་ན་ལང་མི་ཐུབ་ས་ཞིག་ལ་ལྷུང་གི་རེད་ཅེས་སྡོམ་ཚིག་བརྒྱབ། ཁེ་རི་ལམ་གྱིས་ཧོང་ཀོང་བ་ཚོར་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་ཁྲིམས་བྱོལ་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་ཤིག་བྲེལ་མྱུར་གྱིས་གཏན་འབེབས་བྱ་རྒྱུར་འབད། ཐ་ན་ཁེ་རི་ལམ་གྱིས་ཧོང་ཀོང་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ཁག་ལའང་ཁྲིམས་གཞི་དེར་དགེ་སྐྱོན་ཅི་ཡོད་གྲོས་བསྡུར་དང་ཞིབ་འཇུག་བྱེད་དུ་བཅུག་མེད། ཕྱི་ཟླ་༧་ནང་དུ་ཁྲིམས་གཞི་དེར་ཧོང་ཀོང་གི་གྲོས་ཚོགས་སུ་འོས་ཤོག་འཕངས་ནས་གཏན་འབེབས་བྱེད་དུ་འཇུག་རྒྱུའི་རྩིས་བརྒྱབ་པས་ཧོང་ཀོང་གི་ངོ་རྒོལ་བ་ཚོ་གྲོས་ཚོགས་ཁང་དུ་བརྒྱུགས་ནས་ཁྲིམས་གཞི་གཏན་འབེབས་བྱེད་དུ་བཅུག་མེད་ཅིང་། གལ་སྲིད་ཁེ་རི་ལམ་གྱིས་ཧོང་ཀོང་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ཁག་ལ་ཁྲིམས་གཞི་དེར་གྲོས་བསྡུར་དང་ཞིབ་འཇུག་བྱེད་དུ་བཅུག་སྟེ་དགག་པ་རྒྱག་ཏུ་བཅུག་ཡོད་ཚེ། འདས་པའི་ཟླ་བ་༤་ཡས་མས་ཤིག་ལ་ལངས་པའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་གཡོལ་ཐུབ་པ་ཞིག་ཡིན་སྲིད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱས་འདུག

XS
SM
MD
LG