ཉེ་ཆར་འགད་རྫས་ཆུང་ཆུང་གིས་བཀད་དུ་བཅུག་པ་ནི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལངས་ནས་བཟུང་སྟེ་འབར་མདེལ་གྱི་གཏོར་རྒོལ་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཧོང་ཀོང་ཉེན་རྟོག་སྡེ་ཚན་གྱིས་ངོ་རྒོལ་ལས་འགུལ་བ་ཚོས་མིའི་ཚེ་སྲོག་ལ་ཉེན་ཁ་བཟོ་བཞིན་འདུག་ཅེས་ཉེས་འཛུགས་བྱས་པ་དང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་འགན་འཛིན་ཁེ་ལི་ལམ་གྱིས་ཉེན་རྟོག་སྡེ་ཚན་གྱི་ཉེན་བརྡ་དེ་གཞི་རྩེར་བཟུང་སྟེ་གཟའ་མིག་དམར་ཉིན་དྲག་སྤྱོད་ཀྱི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་མུ་མཐུད་དུ་ལས་འགུལ་བར་གུ་ཡངས་གཏོང་ཐབས་བྲལ། ས་གནས་མང་པོ་ཞིག་ཏུ་དྲག་སྤྱོད་སྤེལ་གྱི་ཡོད་པ་འདིས་ང་ཚོའི་གནད་དོན་རྣམས་ཐག་གཅོད་བྱེད་མི་ཐུབ། དྲག་སྤྱོད་ལ་བརྟེན་ན་དྲག་སྤྱོད་ཤུགས་ཆེ་རུ་འགྲོ་རྒྱུ་ཉག་གཅིག་ལས་མེད་ཅེས་བཤད་ཟིན་པ་ལྟར་ལས་འགུལ་བའི་དྲག་སྤྱོད་ཤུགས་ཆེ་རུ་འགྲོ་བཞིན་པར་ད་ནས་བཟུང་སྟེ་གུ་ཡངས་གཏན་ནས་གཏོང་མི་སྲིད། ང་ཚོས་ཐབས་ལམ་གཞན་ཞིག་བསྟེན་ནས་དྲག་སྤྱོད་འགོག་རྒྱུར་བསམ་བློ་གཏོང་རྒྱུའི་དུས་ལ་སླེབས་འདུག་ཅེས་བཤད་འདུག
ཧོང་ཀོང་གི་ངོ་རྒོལ་བ་ཚོས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པའི་གྲས་ཀྱི་གཅིག་ནི་རང་དབང་གི་ཞིབ་འཇུག་ཚོགས་པ་ཞིག་བཙུགས་ནས་ཧོང་ཀོང་གི་ཉེན་རྟོག་པས་དྲག་གོན་བྱས་པར་ཞིབ་འཇུག་བྱ་དགོས་ཞེས་བཀོད། ད་ལོའི་སྤྱི་ཟླ་༦་པ་ནས་ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་བ་༢༣༠༠་ལྷག་འཛིན་བཟུང་དང་དེའི་གྲས་སུ་ལོ་ན་བཅུ་གྲངས་ཅན་གྱི་ལོ་ཆུང་རྣམས་ཀྱང་ཚུད་ཡོད་ཅིང་། ཧོང་ཀོང་གི་ཛ་དྲག་གི་གནས་ཚུལ་འདིར་དམིགས་ནས་ཕྱི་ཟླ་༦་པའི་ནང་དུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་དང་གྲོས་ཚོགས་འོག་མའི་འཐུས་མི་སི་མཱི་ཐེ་གཉིས་ཀྱིས་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ལ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་ཞིག་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱེད་ཆོག་པའི་འོས་ཤོག་འཕེན་དུ་བཅུག་ཡོད་པ་ལྟར་ཟླ་སྔོན་མར་ཁྲིམས་གཞི་དེར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་འགག་རྐྱེན་ཅི་ཡང་མེད་པར་འོས་ཤོག་འཕངས་ནས་ཆོག་མཆན་ཐོབ། ཕྱི་ཟླ་༡༠་པའི་ཚེས་༡༥་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཚོས་ཁྲིམས་གཞི་དེར་དངོས་གཞིའི་ཐག་གཅོད་བྱས་པ་ཡིན་ཞེས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་སི་ཊེ་ནིན་ཧོ་ཡེར་གྱིས་གསལ་བསྒྲགས་སྤེལ་འདུག
ཁྲིམས་གཞི་དེར་སྔོན་མའི་མ་ཟིན་ལ་ཁ་སྣོན་བྱས་ནས་ཁྲིམས་གཞིའི་ནང་དོན་ཁག་ཅིག་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་ཅིང་། ཧོང་ཀོང་དང་འབྲེལ་བའི་ཁྲིམས་གཞི་འདིར་གཟའ་མིག་ཉིན་གྲོས་ཚོགས་འོག་མའི་ནང་དུ་གྲོས་འཆམ་བྱུང་བ་ཡིན་ན་དེའི་རྗེས་སུ་གྲོས་ཚོགས་གོང་མ་དང་དེ་ནས་སྲིད་འཛིན་ལ་ཕུལ་ནས་མཐའ་མའི་ཐག་གཅོད་འབྱུང་རྒྱུ། དེ་ནས་འགོག་རྐྱེན་མེད་ན་ཨ་རིའི་གཞུང་གིས་ལག་ལེན་བསྟར་དགོས་པའི་རྒྱལ་ཁབ་ཀྱི་ཁྲིམས་ལ་འགྱུར་གྱི་ཡོད་པ་དང་། ཉིན་ཤས་སྔོན་ལ་ཁྲིམས་གཞི་འདིར་རྒྱབ་སྐྱོར་བྱེད་མཁན་གྱི་ཨ་རིའི་གྲོས་ཚོགས་གོང་མིའི་འཐུས་མི་ཊེ་ཌི་ཁུ་རུ་ཛི་དང་ཇཱོ་ཞི་ཧོ་ལི་གཉིས་ཧོང་ཀོང་དུ་ཕེབས་ནས་མངའ་ཁུལ་དེའི་ངོ་རྒོལ་ལས་འགུལ་བའི་གནད་ཡོད་མི་སྣ་ཁག་ཅིག་ལ་ཐུག་འཕྲད་བྱུང་ཞིང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་འདིར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ངོ་རྒོལ་བྱས་འདུག
ཟླ་བ་གཅིག་གི་སྔོན་ལ་ཨ་རིའི་སྲིད་འཛིན་གྱིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་དུ་ཧོང་ཀོང་ལ་རྒྱབ་སྐྱོར་གྱི་གཏམ་བརྗོད་བྱས་ནས་རྒྱ་ནག་གིས་ཧོང་ཀོང་གི་དམངས་གཙོའི་མངོན་འདོན་ལ་བརྩི་བཀུར་བྱ་དགོས་པའི་འབོད་སྐུལ་ཞུས། གལ་ཏེ་ཧོང་ཀོང་གི་གནད་དོན་ལུགས་མཐུན་གྱིས་ཐག་གཅོད་ཡག་པོ་ཞིག་མ་བྱུང་ན་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་གྲོས་མོལ་ལའང་བར་ཆད་འབྱུང་སྲིད་ཅེས་ཉེན་བརྡ་ཡང་བཏང་མོད། འོན་ཀྱང་ཉེ་སྔོན་ཕོ་བྲང་དཀར་པོར་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་ལ་ཐུག་འཕྲད་ཀྱི་སྐབས་སུ་ ཧོང་ཀོང་གི་གནས་ཚུལ་འདི་ཧོང་ཀོང་རང་གིས་ཐག་གཅོད་ཐུབ་པ་ཞིག་དང་། ད་ལྟ་ངོ་རྒོལ་བའི་གྲངས་ཀ་ཡང་ཉུང་དུ་ཕྱིན་འདུག་ཅེས་སྲིད་འཛིན་ཌོ་ནལ་ཊམ་གྱི་གླེང་ཕྱོགས་ལ་འགྱུར་ལྡོག་ཐེབས་ཤིང་། ཨ་རིའི་གཞུང་དང་གྲོས་ཚོགས་གྱིས་་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་འདིར་མོས་མཐུན་ཐག་གཅོད་ཡོང་རྒྱུར་ཧོང་ཀོང་གི་མི་མང་གིས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད། ཁ་སང་ཕྱི་ཚེས་༡༤་ཉིན་ཧོང་ཀོང་བ་ཁྲི་ཚོ་ཁ་ཤས་མཉམ་དུ་འཛོམས་ནས་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གི་རང་དབང་ལ་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་བྱ་དགོས་ཞེས་རའབོད་སྐུལ་ཞུས་འདུག