རྒྱ་ནག་གི་སྲིད་འཛིན་ཞིས་ཅིང་ཕིང་དེ་རིང་ཕྱི་ཟླ་༡༠་པའི་ཚེས་༡༡་ཉིན་མོར་རྒྱ་གར་གྱི་ཏ་མིལ་ན་རྡུ་མངའ་སྡེའི་གྲོང་ཁྱེར་ཆེན་པོ་ཅ་ནེལ་གྱི་ཉེ་འཁྲིས་སུ་ཆགས་པའི་མཚོ་མཁའི་ས་ཁུལ་ཞིག་ཏུ་ཕེབས་འབྱོར་གྱིས་རྒྱ་གར་གྱི་སྲིད་བློན་མོ་དྷིར་དངོས་གཞི་མ་ཡིན་པའི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་ཅིང་། རྒྱ་གར་གཞུང་གིས་ས་གནས་ཏ་མིལ་མི་རིགས་ཀྱི་གོམས་སྲོལ་ལྟར་སྲིད་འཛིན་ཞིས་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། སྲིད་འཛིན་ཞིས་ཅིང་ཕིང་གི་ཐེངས་འདིའི་རྒྱ་གར་གྱི་འཚམས་གཟིགས་ནི་དུས་ཡུན་ཆུ་ཚོད་༢༤་ཡིན་པ་སྟེ། གཟའ་པ་སངས་དང་སྤེན་པ་གཉིས་ལ་ཉིན་ལྟར་ཆུ་ཚོད་གསུམ་རེར་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཀྱིས་གྲོས་མོལ་གནང་རྒྱུའི་འཆར་གཞི་ཡོད་པའི་ཁོངས་སུ་ས་མཚམས་ཀྱི་རྩོད་གཞི་དང་ཚོང་འབྲེལ་ཐོག་ཏུ་ཕྱོགས་གཉིས་ལ་མི་མཐུན་པའི་འགལ་ཟླ་ཡོད་པ་ཁག་ལ་གྲོས་བསྡུར་བྱ་རྒྱུ། ལྷག་པར་དུ་ཟླ་ཤས་གོང་དུ་རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་སུ་འཇའ་མུ་དང་ཀ་ཤི་མིར་མངའ་སྡེར་རང་སྐྱོང་གི་ཐོབ་ཐང་ཡོད་པ་ཕྱིར་བསྡུར་བྱས་ནས་རྒྱ་དཀར་ནག་གཉིས་ལ་མི་མཐུན་པ་ཤུགས་ཆེན་བྱུང་ཡོད་པ་རྣམས་སེལ་ཐབས་སུ་གྲོས་མོལ་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།