བལ་ཡུལ་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲིའི་སྐབས་སུ་ཡུལ་གྲུ་གཉིས་ཀྱིས་སྐྱེ་བོ་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་མཚན་རྟགས་འགོད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད། བལ་གཞུང་གིས་ཆིངས་ཡིག་གི་ཟིན་བྲིས་ཤིག་གྲ་སྒྲིག་ཟིན་པར་མ་ཟད། ད་ལྟའི་བལ་ཡུལ་གཞུང་གི་བློན་ཆེན་ཚོས་ཟིན་བྲིས་དེར་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་ཐོན་མོད། འོན་ཀྱང་གཟའ་ཕུར་བུའི་ཉིན་མོར་བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཨོ་ལིས་གནད་ཡོད་གཞུང་འཛིན་མི་སྣ་ཁག་ལ་བཀའ་སྡུར་གནང་བའི་རྗེས་སུ་ཕྱི་ཟླ་བཅུ་པའི་ཚེས་༡༢་ཉིན་གྱི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་རྒྱལ་དོན་འཚམས་གཟིགས་དེའི་སྐབས་སུ་ཆིངས་ཡིག་དེར་མཚན་རྟགས་འགོད་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན་ཞེས་བསྒྲགས་འདུག རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་བལ་ཡུལ་ལ་ཕྱོགས་གཉིས་ཀས་རྩིས་སྤྲོད་ཆིངས་ཡིག་ཅིག་འཇོག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། བོད་པ་བཙན་བྱོལ་བའི་ཁྲོད་དུ་ཆིངས་ཡིག་དེར་བལ་ཡུལ་གཞུང་གིས་མོས་མཐུན་གནང་ཚེ། བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་དཀའ་ངལ་འཕྲད་རྒྱུའི་བློ་འཚབ་ཆེན་པོ་བྱུང་ཡོད་པ་རེད། དེའི་བར་ན་བལ་ཡུལ་གཞུང་གིས་གཟའ་ཉི་མ་ནས་བོད་པ་ཁག་ཅིག་བཀག་ཉར་བྱས་པ་དང་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་དམིགས་བསལ་ཚོགས་ཆེན་དུ་བཅར་མཁན་བོད་པའི་འཐུས་མི་ཁག་ཅིག་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་འཚམས་གཟིགས་རྗེས་ལ་མ་གཏོགས་བལ་ཡུལ་དུ་ཕྱིར་ལོག་བྱེད་ཐུབ་ཀྱི་མེད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།