ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྡེ་ཚན་༢༨་ཨ་རིའི་ཐོ་གཞུང་ནག་པོར་བཀོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ཚོང་དོན་ལྷན་ཁང་གིས་སྤྱི་ཚེས་༨་ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན་མ་འོངས་པར་རྒྱ་ནག་གི་བཟོ་ཚོང་ལས་ཁང་དང་སྤྱི་བདེ་ཚན་པའི་ལས་ཁུངས་སོགས་སྡེ་ཚན་༢༨་ལ་ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་གྱི་དཔལ་འབྱོར་ཉེས་ཆད་གཅོད་རྒྱུའི་ཐོ་གཞུང་ནག་པོར་འགོད་དགོས་པའི་ཐག་གཅོད་བྱས་པ་ཡིན། རྒྱ་ནག་གི་ལས་ཁུངས་དེ་དག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་ཐོ་གཞུང་ནག་པོར་འགོད་དགོས་པའི་རྒྱུ་མཚན་ནི་ལས་ཁུངས་དང་བཟོ་ཚོང་ལས་ཁང་དེ་དག་གིས་རྒྱ་གཞུང་གིས་ཞིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ལ་དྲག་གནོན་དང་མནར་གཅོད་ཚབས་ཆེན་གཏོང་གི་ཡོད་པར་མཐུན་འགྱུར་སྒྲུབ་ཀྱི་འདུག་ཅེས་སྐྱོན་འཛུགས་བྱས་འདུག

ཨ་རིའི་ཚོང་དོན་ལྷན་ཁང་གིས་བསྒྲགས་པའི་ཐོ་གཞུང་ནག་པོར་འཁོད་པའི་རྒྱ་ནག་གི་ལས་ཁུངས་དེ་དག་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཚུད་པའི་གཞུང་གི་ཁོངས་གཏོགས་ལས་ཁུངས་༢༠་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་༨་བཅས་འདུས། བཟོ་ཚོང་ལས་ཁང་དེ་དག་ནི་ཧེ་ཁང་ཝེ་ཧྲི་དང་ཏཱ་ཧྭ་ཚན་རྩལ། ཁི་ཏཱ་ཞོན་ཧྥེ། ཀོང་ཧྲི་ཚན་རྩལ། ཧྲང་ཐང་ཚན་རྩལ། མཱེ་ཡ་ཕད་ཁི། དབྱི་ཞིན་ཚན་རྩལ་དང་དབྱི་ཐུའུ་ཚན་རྩལ་སོགས་མིང་གྲགས་ཅན་གྱི་བཟོ་ཚོང་ལས་ཁང་ཁག་ཡིན་པར་མ་ཟད། གོང་གི་ལས་ཁུངས་དེ་དག་གིས་རྒྱ་ནག་གཞུང་ལ་མཉམ་འབྲེལ་བྱས་ནས་ཞིན་ཅང་གི་ཡུ་གུར་མི་རིགས་དང་ཧ་ས་ཁ་བ། ད་དུང་དེ་མིན་གྱི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་སོགས་ལ་དྲག་གནོན་དང་གཞི་རྒྱ་ཆེན་པོས་འཛིན་བཟུང་། དེང་རབས་ཀྱི་ཚན་རྩལ་སྤྱད་ནས་འགྲོ་འདུག་ལ་སོ་མྱུལ་དང་སྟངས་འཛིན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པས་རྒྱ་ནག་གི་ལས་ཁུངས་དེ་དག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས་པའི་རྒྱུ་མཚན་ཡོངས་སུ་ཚང་ཞེས་བཀོད་འདུག

ཨ་རིའི་ཚོང་དོན་དྲུང་ཆེས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་གདུག་རྩུབ་ཆེན་པོས་དྲག་གནོན་བྱེད་བཞིན་པའི་གནས་སྟངས་འདིར་ཨ་རིའི་གཞུང་དང་ཨ་རིའི་ཚོང་དོན་ལྷན་ཁང་གིས་བཟོད་སྒོམ་བྱེད་མི་ཐུབ། བཟོད་སྒོམ་བྱེད་རུང་བ་ཞིག་ཀྱང་མིན་ཞེས་བཀྲལ། ཨ་རིའི་གཞུང་གིས་ཐེངས་འདིར་རྒྱ་ནག་གི་ལས་ཁུངས་༢༨་ཐོ་གཞུང་ནག་པོར་བཀོད་པ་བདུན་ཕྲག་འདིར་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱ་འཆར་ཡོད་པར་འབྲེལ་བ་ཅི་ཡང་མེད། མ་འོངས་པར་ཨ་རིའི་གཞུང་གི་ཆོག་མཆན་མེད་ན་ཐོ་གཞུང་ནག་པོར་འཁོད་པའི་རྒྱ་ནག་གི་ལས་ཁུངས་དང་བཟོི་ཚོང་ལས་ཁང་ཁག་ལ་ཨ་རིའི་བཟོ་ཚོང་ལས་ཁང་གང་གིས་ཀྱང་ཚོང་འབྲེལ་འཛིན་མི་ཆོག ཨ་རིའི་གཞུང་གིས་ཐེངས་འདིའི་ཐག་གཅོད་ལ་ཆེད་དུ་ཚོང་ལས་ཀྱི་ཐོ་གཞུང་ནག་པོ་ཞེས་མིང་བཏགས་ཡོད་ཅེས་གསལ་བཤད་བྱས་འདུག

གོང་གི་ཐོ་གཞུང་ནག་པོར་འཁོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཧེ་ཁང་ཝེ་ཧྲི་ལྟ་བུར་མཚོན་ན་རྒྱ་ནག་གི་གྲོང་ཁྱེར་༣༤་དང་ཨ་རི། རྒྱ་གར་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡན་ལག་བཟོ་ཚོང་ཁང་ཡོད་པའི་བཟོ་ཚོང་ཁང་ཆེན་པོ་ཞིག་ཡིན་ཞིང་། འཛམ་གླིང་གི་ས་གནས་གང་སར་བཙུགས་པའི་བརྙན་མིག་དང་ལྟ་འཛིན་འཕྲུལ་ཆས་བཟོ་སྐྲུན་ཁང་ཆེ་ཤོས་དེ་ཡིན་པས་བཟོ་གྲྭ་འདིའི་ཡོང་འབབ་ཀྱི་བརྒྱ་ཆའི་༣༠་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་གི་ཡོད་པ་རེད། ད་ལོའི་སྤྱི་ཟླ་༤་པའི་ནང་དུ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚུད་པའི་ཚོགས་ཆུང་ཞིག་གིས་ཞིན་ཅང་ལ་ལྟ་འཛིན་བརྙན་མིག་འཛུགས་བཞིན་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་གཞུང་ལ་མཐུན་འགྱུར་བསྒྲུབས་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པ་འགོག་དགོས་ཞེས་འབོད་སྐུལ་ཞུས། སྐབས་དེར་རྒྱ་ནག་གི་བཟོ་ཚོང་ཁང་ཧེ་ཁང་ཝེ་ཧྲི་དང་ཏཱ་ཧྭ་ཚན་རྩལ་གཉིས་དམིགས་བསལ་གྱིས་གླེང་སློང་བྱས་འདུག

ད་སྔ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་དང་སྒྲིག་འཛུགས་ཁག་གིས་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག་ཡོད་པ་ཡོངས་གྲགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད་པ་སྟེ། ད་ལོའི་ཕྱི་ཟླ་༧་པའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འཐུས་རྒྱལ་ཁབ་༢༢་གྱིས་ཐུན་མོང་གསལ་བསྒྲགས་ཤིག་སྤེལ་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་འཛིན་བཟུང་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཀྱང་རྒྱ་ནག་གཞུང་གིས་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མིན། འདི་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་ཞེས་རྒོལ་ལན་སློག་འདུག

XS
SM
MD
LG