ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སུད་ཌན་གྱིས་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བར་བློ་འཚབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་དུ་བཙུགས་ནས་ལོ་༧༠་འཁོར་བའི་དུས་ཆེན་ཉིན་མོར་གཏམ་བཤད་བྱས་པ་དེའི་ནང་དུ་རྒྱ་ནག་གི་མདུན་སྐྱོད་ལ་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་བཀག་འགོག་བྱེད་མི་ཐུབ་ཅེས་བརྗོད་པའི་ཉི་མ་གཅིག་གི་གཞུག་སྟེ། གཟའ་ལྷག་པའི་ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་སུད་ཌན་གྱིས་རྒྱ་ནག་ལ་འཛིན་པའི་འཐབ་ཇུས་ཡིག་ཆ་ཞིག་གསལ་བསྒྲགས་བྱས་འདུག འདི་ནི་སུད་ཌན་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་ཤིག་མཚོན་ཐུབ། སུད་ཌན་གྱི་འཐབ་ཇུས་ཡིག་ཆ་དེར་དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་ལ་གཞིགས་ཏེ་ཡུ་རོབ་ཡུལ་མཉམ་འབྲེལ་དང་ཨ་མི་རི་ཀས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ལ་ཁ་གཏད་གཅོག་པར་ཐུན་མོང་སྲིད་ཇུས་ཤིག་བཟུང་ནས་གདོང་ལེན་བྱ་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཡོད་པ་རེད། སུད་ཌན་གྱི་སྲིད་ཇུས་ཡིག་ཆ་དེར་གཞིགས་ན་རྒྱལ་ཁབ་དེའི་ཉེ་འཁོར་དུ་ཆགས་པའི་སྟོབས་ཆེན་རྒྱལ་ཁབ་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་ཡག་ཏུ་འགྲོ་བཞིན་པར་མ་ཟད། སུད་ཌན་གྱི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོར་བློ་འཚབ་ཡོད་པ་བསྟན་ཞིང་། དཔེར་ན་སུད་ཌན་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱལ་ཁབ་དེའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོར་གྲོས་བསྡུར་བྱས་ནས་གནས་ཚུལ་ཕྱོགས་བསྡོམས་ཀྱི་འཐབ་ཇུས་ཡིག་ཆ་དེ་གསལ་བསྒྲགས་བྱུང་འདུག ཡིག་ཆ་དེར་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་ནི་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ཁོ་ནར་དམིགས་ཏེ་རྒྱལ་སྤྱིའི་ཆབ་སྲིད་སྒྲིག་སྲོལ་ལ་འགྱུར་བ་གཏོང་ཐབས་ཤིག་རེད་ཅེས་བཀོད། སུད་ཌན་གྱིས་ཉེ་དུས་ཤིག་ནས་རྒྱ་ནག་གིས་འཛམ་གླིང་གི་སའི་གོའི་བྱང་ཕྱོགས་ཀྱི་མཐའ་སྣེ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་ནི་བློ་འཚབ་བྱ་དགོས་པ་ཞིག་པ་རེད། སྔ་ལོ་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ཁོངས་སུ་འཛམ་གླིང་གི་བྱང་སྣེ་མངའ་ཁུལ་ལ་མཚོ་ཐོག་ནས་སྐྱེན་འདྲེན་གྱི་འགྲུལ་ལམ་ཞིག་འཛུགས་སྐྲུན་བྱ་རྒྱུའི་རྨང་གཞིའི་ལས་གྲྭ་གཉེར་འཆར་ཡོད་པ་གསལ་སྟོན་བྱུང་ཡོད། རྩ་བའི་ སུད་ཌན་རྒྱལ་ཁབ་ཀྱང་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གི་ཤུགས་རྐྱེན་འགོག་པར་ཐུན་མོང་འཐབ་ཇུས་ཤིག་བཟུང་ཡོད་པ་དེའི་ཁྱབ་ཁོངས་སུ་གནས་རྒྱུ་ཡིན་ཞེས་བསྒྲགས་མོད། འོན་ཀྱང་ད་རེས་ཕྱིར་བསྒྲགས་བྱས་པའི་སུད་ཌན་གྱི་ཕྱི་སྲིད་འཐབ་ཇུས་ཀྱི་ཡིག་ཆ་དེར་ཡུ་རོབ་མཉམ་འབྲེལ་ལ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་གཉིས་པའི་རྒྱལ་ཁབ་དེར་ཁ་གཏད་གདོང་ལེན་བྱ་རྒྱུར་ཕྱོགས་ཡོངས་དང་ཐུན་མོང་གི་འཐབ་ཇུས་ཤིག་མི་འདུག་ཅེས་སྐྱོན་བརྗོད་བྱས་པ་དང་། ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཐུན་མོང་གི་སྲིད་ཇུས་ཁ་གསལ་ཞིག་འཛིན་དགོས། འདི་ནི་སུད་ཌན་རྒྱལ་ཁབ་ལ་མཚོན་ན་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཡིན་ཞེས་བཀོད་ཡོད་པ་རེད། ཉེ་དུས་སུད་ཌན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་གུའི་ཚུང་ཡུག་ལ་གསར་འགོད་པས་བརྙན་འཕྲིན་བཅར་ཞུས་པར་གཞུང་ཚབ་པ་གུའ་ཚུང་ཡུག་གིས་སུད་ཌན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཁོངས་སུ་མཉམ་ཞུགས་བྱས་ན་རྒྱ་ནག་དང་སུད་ཌན་གྱི་འབྲེལ་བར་ཕན་ཐོགས་ཆེན་པོ་ཡོད་ཅེས་བརྗོད་ཀྱང་རྒྱ་ནག་གི་ལས་འཆར་འདིར་སུད་ཌན་གྱིས་བློ་དོགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་སྐྱེས་ཡུལ་རྒྱ་ནག་ཡིན་པ་དང་སུད་ཌན་གྱི་སྤྱི་དམངས་སུ་གྱུར་པ་གུའི་མིན་ཧེ་ཞེས་པ་ཞིག་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ནས་ལོ་བཞི་ཙམ་ཕྱིན་ཡོད་པའི་གནད་དོན་ཚུད་པའི་སུད་ཌན་དང་རྒྱ་ནག་གཉིས་ཕན་ཚུན་མི་མཐུན་པའི་འགལ་ཟླ་མང་དག་ཅིག་ཡོད་པ་རེད།

XS
SM
MD
LG