༄༅།། ཕྱི་ཟླ་༡༠་ཚེས་༡་ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ལ་རྒྱ་ནག་དམར་ཤོག་གི་སྲིད་གཞུང་ཚུགས་ནས་ལོ་༧༠་འཁོར་བའི་རྒྱལ་སྟོན་དུས་ཆེན་ཚུགས། ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་འཁྲབ་སྟོན་གཙོ་བོ་ནི་རྒྱ་ནག་གི་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་༡༦༠་དང་མེ་ཤུགས་འཕུར་མདེལ་གྱི་མ་ལག་༥༨༠་འགྲེམ་སྟོན། རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་༡༥༠༠༠་གིས་རུ་སྒྲིག ༡༩༤༩་ལོར་མའོ་ཙེ་ཏུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་དུ་ཚུགས་པ་ཡིན་ཞེས་ཁྱབ་བསྒྲགས་བྱ་ཡུལ་ཏེ། གནམ་བདེ་སྒོ་མོ་ཆེའི་མཁར་ཁའི་ཁྱམས་ར་དེར་ཞིས་ཅིན་ཕིང་གིས་རྒྱལ་སྟོན་དུས་ཆེན་ཐེངས་༧༠་པའི་གཏམ་བཤད་བྱས་ཤིང་། ཁོ་པས་སྟོབས་ཤུགས་གང་འདྲ་ཞིག་གིས་རྒྱ་ནག་གི་རླབས་ཆེན་གྱི་གནས་བབ་དང་རྒྱ་ནག་མི་དམངས་ལ་གཡོ་འགུལ་ཐེབས་མི་ཐུབ། རྒྱ་ནག་རྒྱལ་ཁབ་འདི་མདུན་སྐྱོད་བྱེད་ཀྱི་ཡོད་པ་འགོག་མི་ཐུབ། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ། མི་དམངས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཁེ་ཕན། མི་དམངས་ཀྱི་ཡར་རྒྱས་བཅས་ལ་སྲུང་སྐྱོབ་ཀྱི་ལས་འགན་བསྒྲུབ་ཐུབ་ཅེས་བཤད། ཕྱི་ཟླ་༡༠་པའི་ཚེས་༡་གི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་དེ་མའོ་ཙེ་ཏུང་གི་དུས་སྐབས་དང་ཏིན་ཞའོ་ཕིང་གི་དུས་སྐབས། ཞིས་ཅིན་ཕིང་གིས་དུས་སྐབས་ཞེས་རིམ་པ་གསུམ་ལ་བགོས་ནས་ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་གཉིས་ཀྱིས་ལོ་༢༠་ལ་རྒྱ་ནག་གི་སྲིད་དབང་བཟུང་བ་བར་བརྒལ་གྱི་དུས་སྐབས་ལྟ་བུ་ཞིག་ཏུ་བསྒྱུར། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་གི་སྲིད་དབང་སྲ་བརྟན་བཟུང་སྟེ་ཁོ་པ་མའོ་ཙེ་ཏུང་གི་རྗེས་སུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དབང་ཐང་ཆེ་ཤོས་དེ་ཡིན་པའི་རྣམ་པ་བསྟན།
གཟའ་མིག་དམར་ཉིན་ཚུགས་པའི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་དེར་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་ཧུ་ཅིན་ཐའོ། སྲིད་འཛིན་གཞོན་པ་ཟུར་པ་ཙེང་ཆིན་ཧུང་དང་སུང་ཕིང་། སྲིད་བློན་ཟུར་པ་ཝེན་ཅ་པའོ་སོགས་མཉམ་ཞུགས་བྱས་ཀྱང་སྲིད་བློན་ཟུར་པ་ཀྲུའུ་རོང་ཇི་མཛད་སྒོ་དེར་མཉམ་ཞུགས་བྱས་མེད་ཅིང་། ཞིས་ཅིན་ཕིང་གིས་དུས་ཡུན་སྐར་མ་༨་ལ་གཏམ་བཤད་བྱས་པའི་རིང་དེར་ལོ་བཅུ་ཕྲག་༧་གྱི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་གྲུབ་འབྲས་རྣམས་གླེང་ཡོད་པ་ལས། རྒྱ་ནག་ལ་ཕྱི་ནང་གཉིས་སུ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་གླེང་མེད། དཔེར་ན་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ལངས་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་མི་མང་དབུལ་ཕྱུག་གཉིས་ཀྱི་ཁྱད་པར་སྙོམས་ཐུབ་ཀྱི་མེད་པ་དང་། ཐོག་མར་རྒྱ་ནག་དམར་ཤོག་ཚོགས་པ་འབྱོར་མེད་གྲལ་རིམ་གྱི་བདེ་སྡུག་ལ་ལྟ་རྟོག་བྱེད་པའི་ཚོགས་པ་ཞིག་ཡིན་མོད། ད་ལྟ་ལོ་༧༠་ཐམ་པའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པ་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོ་དང་མི་ཉུང་ཤས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་གྱི་སྲིད་དོན་ཚོགས་པ་ཞིག་ལ་གྱུར་ཡོད་པ། འདས་པའི་ལོ་༧༠་རིང་ལ་རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་མི་རིགས་གཉིས་བློ་སེམས་འགུག་ཐུབ་མེད་པ། ད་དུང་ཡང་རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅིང་གི་ཡུ་གུར་མི་རིགས་ལ་དམག་གིས་དྲག་གནོན་དང་དཔལ་འབྱོར་གྱི་བསླུ་བྲིད་བྱས་ནས་དབང་སྒྱུར་བྱེད་ཀྱི་ཡོད་པ། རྒྱ་ནག་གི་ཤེས་ཡོན་ཅན་དང་དམངས་གཙོ་དོན་གཉེར་བ་རྣམས་བཙོན་འཇུག་བྱས་ནས་མགོ་འབུར་དུ་འཇུག་གི་མེད་པ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་མི་དམངས་ལ་མི་དང་འཕྲུལ་ཆས་སོགས་ཀྱིས་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་རྣམས་གླེང་མེད་པ་རེད།
ད་ལོའི་ཕྱི་ཟླ་༦་པ་ནས་ཧོང་ཀོང་མི་མང་གིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་ཆབ་སྲིད་ཀྱི་ཡོ་ལང་ཆེན་པོ་ཞིག་འབྱུང་གི་ཡོད་པས་ཞིས་ཅིན་ཕིང་གིས་རྒྱལ་སྟོན་དུས་ཆེན་གྱི་གཏམ་བཤད་ནང་དུ་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ལ་འཛིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་ལ་རྩ་འཛིན་དང་མངའ་ཁུལ་དེའི་གཞི་རྩའི་བཅའ་ཁྲིམས་ལ་རྒྱ་ནག་གཞུང་གིས་བརྩི་འཇོག་བྱ་རྒྱུ་ཡིན། རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་ཡུན་རིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། རྒྱ་ནག་དང་ཐེ་ཝན་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་དགོས་ཞེས་ཏིན་ཞའོ་ཕིང་དང་ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་ཀྱིས་རང་གི་དུས་སྐབས་སོ་སོར་བསྒྲགས་པའི་སྐད་ཆ་དེ་རྣམས་བསྐྱར་ཟློས་བྱས་འདུག རྒྱལ་སྟོན་དུས་ཆེན་གྱི་རུ་སྒྲིག་གི་གཞུག་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། ཧོང་ཀོང་གི་འབྱུང་འགྱུར་ནི་སྔར་ལས་ལེགས་ཚོགས་ཅན་ཞིག་ཏུ་འགྱུར་བར་ངེས་ཡིན་ཞེས་འཁོད་པའི་ཡིག་བྱང་འཁྱེར་ནས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་རུ་སྒྲིག་བྱས་པ་དང་། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གཙོས་ས་ཁུལ་དེའི་མཐོ་རིམ་གཞུང་འབྲེལ་མི་སྣ་༡༠་ཐམ་པ་པེ་ཅིང་གི་རྒྱལ་སྟོན་དུས་ཆེན་ལ་མཉམ་ཞུགས་བྱས་ཀྱང་ཧོང་ཀོང་མི་མང་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་ངོ་རྒོལ་བྱས་ནས་ཉེན་རྟོག་པས་མེ་མདའ་བརྒྱབ། ཧོང་ཀོང་གི་ངོ་རྒོལ་བ་ཞིག་གི་བྲང་ཁོག་ལ་མདེའུ་ཕོག་ནས་རྨས་སྐྱོན་ཕོག་པ་དང་ཧོང་ཀོང་གི་ས་གནས་འགའ་ཞིག་ཏུ་ཉེན་རྟོག་པ་དང་མི་མང་ངོ་རྒོལ་བ་ཚོ་རྒོལ་འཛིང་ཐུག ཕྱི་ཟླ་༩་པའི་ཚེས་༣༠་ཉིན་ཧོང་ཀོང་ས་གནས་གཞུང་གིས་ཕྱི་ཟླ་༡༠་པའི་ཚེས་༡་གི་རྒྱལ་སྟོན་དུས་ཆེན་ཉིན་ཧོང་ཀོང་ས་གནས་སུ་རྒྱ་ནག་ལ་ངོ་རྒོལ་བྱེད་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་ཀྱང་ཧོང་ཀོང་མི་མང་གིས་ས་གནས་གཞུང་གི་བཀག་སྡོམ་ལ་བརྩི་མེད་བཏང་ནས་ངོ་རྒོལ་ཁྲོམ་སྐོར་བྱས་འདུག
ཁ་སང་གཟའ་ཟླ་བའི་ཉིན་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་༧་གྱི་སྣེ་ཁྲིད་ནས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དང་པོ་མའོ་ཙེ་ཏུང་གི་རྗེས་དྲན་ཁང་གི་མདུན་དུ་བཅར་ཏེ་གུས་འདུད་ཐེངས་གསུམ་རེ་ཞུས། འདི་ནི་རྒྱ་ནག་ལ་རིག་གནས་གསར་བརྗེ་མཇུག་བསྒྲིལ་བའི་རྗེས་སུ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཅིག་གནམ་བདེ་སྒོ་མོ་ཆེའི་ཐང་དུ་འཛུགས་སྐྲུན་བྱས་ཡོད་པའི་མའོ་ཙེ་ཏུང་གི་རྗེས་དྲན་ཁང་ལ་བཅར་པ་ཐེངས་དང་པོ་ཡིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་གྲོང་ཁྱེར་གཅིག་པུར་མི་འབོར་ས་ཡ་༢༡་ཡོད་ཀྱང་མི་མང་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་གི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོར་ཞུགས་ཐུབ་མེད་ཅིང་། པེ་ཅིང་གི་མི་མང་རྣམས་རང་རང་གི་ཁང་མིག་ཆུང་ཆུང་དེའི་ནང་གི་བརྙན་འཕྲིན་མདུན་དུ་འཚང་ཀ་བརྒྱབ་ནས་གནམ་བདེ་སྒོ་མོ་ཆེའི་ཐང་གི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོར་ལྟད་མོ་བལྟ་དགོས་བྱུང་ཡོད་པ་སྟེ། རྒྱ་གཞུང་གི་མགྲོན་ཤོག་མེད་པར་མི་དམངས་རྣམས་གནམ་བདེ་སྒོ་མོ་ཆེའི་ཕྱོགས་སུ་འགྲུལ་སྐྱོད་བྱེད་ཆོག་གི་མེད་པ་དང་། རྒྱ་ནག་གཞུང་གིས་པེ་ཅིང་གྲོང་ཁྱེར་གྱི་ས་གནས་གང་སར་ཉེན་རྟོག་པ་འགྲེམ་འཇོག་བྱས་ནས་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་འདུག ཉེ་དུས་ཤིག་ནས་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པས་གསར་བརྗེ་རྒྱུན་འཁྱོངས་བྱ་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་ཏུ་རྒྱ་ནག་གི་སྟོབས་འབྱོར་མངའ་ཐང་རྒྱས་དགོས་ཞེས་ནན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་རེད།
རྒྱ་ནག་དམར་ཤོག་སློབ་གྲྭའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཟུར་པ་དང་རང་དབང་གི་ཉམས་ཞིབ་པ་ཏིང་ཡུ་ཝེན་ཞེས་པ་ཞིག་གིས་བཤད་པ་ལྟར་ན་ཞིས་ཅིན་ཕིང་གིས་རྟག་ཏུ་མའོ་ཙེ་ཏུང་ལ་མིག་དཔེ་བལྟས་ནས་བློ་སྟོབས་སྐྱེད་ཐབས་བྱེད་ཀྱི་འདུག ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཁག་ཀྱང་མཛད་སྒོ་ཐེངས་སྔོན་མ་ཁག་ལས་རྒྱ་ཆེ་བ་དང་གྲ་རྒྱས་པ་ཞིག་ཚུགས་འདུག་ཅེས་བཤད། གནམ་བདེ་སྒོ་མོ་ཆེའི་ཐང་གི་མི་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྐད་འབོད་ཅི་ཞིག་བྱ་དགོས་མིན་རྣམས་སྔོན་ནས་རྒྱ་ནག་གཞུང་གིས་ཐག་གཅོད་བྱས་འདུག་ཅེས་པེ་ཅིང་ན་གཞོན་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན། ཉམས་ཞིབ་པ་ཚོས་སྔོན་ཆད་རྒྱ་ནག་མི་དམངས་ཀྱིས་མའོ་ཙེ་ཏུང་ལ་དགའ་མོས་བྱས་པ་ལྟར་ཞིས་ཅིན་ཕིང་ལ་གནམ་བདེ་སྒོ་མོ་ཆེའི་ཐང་གི་མི་ཚོགས་ཀྱིས་དགའ་བསུ་དང་རྒྱབ་སྐྱོར་གྱི་ཁ་གཡང་སྒྲོགས་རྒྱུ་ཡིན་མིན་ལ་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད་པ་དང་། ཞིས་ཅིན་ཕིང་གིས་ལོ་འདིར་རྒྱལ་སྟོན་དུས་ཆེན་གྱི་མཚན་མོར་ཨ་སྒོར་ས་ཡ་མང་པོའི་ཤོག་སྦག་རྒྱག་ཏུ་བཅུག་ནས་མི་དམངས་ཚོགས་ཁང་ཆེན་མོར་གསོམ་སྟོན་རྒྱས་གཤོམ། མི་མང་ལ་མེས་རྒྱལ་ཁྲི་ལོ་བརྟན་པར་ཤོག་ཅེས་འབོད་ཚིག་སྒྲོགས་བཅུག་ནས་མི་ཚེ་ཧྲིལ་པོར་རྒྱ་ནག་གི་སྲིད་དབང་འཛིན་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཀྱང་ད་སྔ་རྒྱ་ནག་མི་དམངས་ཀྱིས་རང་བཞིན་དང་སེམས་ཁོང་ནས་ཞིས་ཅིན་ཕིང་ཁྲི་ལོ་བརྟན་པར་ཤོག་ཅེས་དགའ་མོས་ཀྱི་འབོད་ཚིག་སྒྲོགས་ཀྱི་མེད་པ་རེད།།