༄༅།། སང་ཉིན་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་ནི་རྒྱ་ནག་གི་དམར་ཤོག་སྲིད་གཞུང་ངམ། ཡང་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༧༠་འཁོར་བའི་དུས་དྲན་ཡིན་ཞིང་། ཧོང་ཀོང་གི་སྤྱི་དམངས་ཐོབ་ཐང་མདུན་སྐྱོད་ཚོགས་པས་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་པའི་སྙན་ཞུ་ཕུལ་རུང་ཧོང་ཀོང་ས་གནས་གཞུང་གིས་འདས་པའི་ཟླ་བ་གསུམ་ལྷག་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་དྲག་ཟིང་གི་ངོ་རྒོལ་གྱི་ལས་འགུལ་ལངས་པའི་ཉམས་མྱོང་ལ་གཞིགས་ན་ཧོང་ཀོང་གི་ཉེན་རྟོག་པ་ཚོས་སྤྱི་དམངས་ཐོབ་ཐང་མདུན་སྐྱོད་ཚོགས་པར་ངོ་རྒོལ་ལས་འགུལ་གྱི་ཆོག་མཆན་སྤྲོད་ཀྱི་མེད་པར་མོས་མཐུན་བྱས་ཡོད། གཟའ་མིག་དམར་ཉིན་ངོ་རྒོལ་བྱེད་དུ་བཅུག་ན་སྤྱི་དམངས་ཀྱི་བདེ་འཇགས་ལ་ཉེན་ཀ་ཆེན་པོ་འབྱུང་རྒྱུའི་རྟགས་མཚན་འདུག་ཅེས་རྒྱུ་མཚན་བགྲངས་འདུག
ཕྱི་ཟླ་༡༠་ཚེས་༡་གི་ངོ་རྒོལ་ལས་འགུལ་གྱི་འགོ་ཁྲིད་ཇཱི་མཱི་ཤམ་གྱིས་གཟའ་མིག་དམར་ཉིན་གྱི་ངོ་རྒོལ་ལས་འགུལ་ཁག་མཚམས་འཇོག་མི་བྱེད་ཐབས་མེད་བྱུང་སོང་། འདི་ནི་ཧ་ཅང་གི་བློ་ཕམ་གྱི་གནས་ཚུལ་ཞིག་རེད། ༡༩༩༧་ལོར་རྒྱ་ནག་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་ནས་ལོ་༢༠་ལྷག་ལས་ཕྱིན་མེད། ལོ་ཉི་ཤུ་ཡས་མས་ཀྱི་དུས་ཡུན་ཐུང་ཐུང་འདིའི་རིང་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་རྒྱ་ནག་ལ་ངོ་རྒོལ་བྱེད་མི་ཆོག་པ་ཞིག་ཏུ་གྱུར་འདུག ཧོང་ཀོང་ནི་རྒྱ་ནག་གི་པེ་ཅིང་ལྟ་བུ་ཞིག་ལ་འགྱུར་གྱི་འདུག་ཅེས་བཤད། ཧོང་ཀོང་གི་ཉེན་རྟོག་པའི་སྤྱི་ཁྱབ་ཀྱིས་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་ངོ་རྒོལ་བྱེད་མི་ཆོག་པའི་ཐག་གཅོད་བྱས་པ་སྤྱི་དམངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་སྲུང་སྐྱོབ། ཧོང་ཀོང་ས་གནས་སུ་བསྐྱར་དུ་དྲག་ཟིང་གི་ངོ་རྒོལ་མི་འབྱུང་བའི་ཆེད་དུ་ཡིན། སྤྱི་དམངས་ཐོབ་ཐང་མདུན་སྐྱོད་ཚོགས་པའི་ཁྲོམ་སྐོར་བྱ་ཡུལ་དུ་ཁེལ་བའི་ས་གནས་ཁག་ཏུ་ཉེ་ཆར་གཏོར་བཅོམ་ཆེན་པོ་བྱུང་ཡོད། བདུན་ཕྲག་སྔོན་མར་རྒྱ་ནག་གི་རྒྱལ་དར་ཐོགས་པའི་སྐྱེས་པ་ཞིག་ལའང་མི་ཚོགས་ཤིག་གིས་རུབ་རྡུང་བྱས་ནས་ཟིང་ཆ་ལངས་སོང་ཞེས་རྒྱུ་མཚན་བཀོད། ཧོང་ཀོང་གི་ངོ་རྒོལ་བ་ཚོས་མུ་མཐུད་དུ་ངོ་རྒོལ་བྱེད་ཆོག་པའི་སྙན་ཞུ་འབུལ་རྒྱུ་ཡིན། ཁོ་ཚོས་ཡུན་རིང་མི་འགོར་པར་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཐབས་བྱ་རྒྱུ་ཡིན་ཞེས་བཤད། ཕྱི་ཟླ་༦་པའི་ཚེས་༡༦་དང་ཕྱི་ཟླ་༨་ཚེས་༡༨་གཉིས་ལ་ཧོང་ཀོང་མི་མང་ས་ཡ་གཉིས་ཡས་མས་ཀྱིས་ངོ་རྒོལ་བྱས་པ་དེའི་རྒྱབ་ལོགས་སུ་སྤྱི་དམངས་ཐོབ་ཐང་མདུན་སྐྱོད་ཚོགས་པ་ཡོད་པ་རེད།
ད་ལོ་ཧོང་ཀོང་གཞུང་གིས་ཁྲིམས་བྱོལ་བའམ། ཡང་ན་དོགས་ཅན་རྣམས་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོན་ནས་བཟུང་། ཧོང་ཀོང་མི་མང་གི་ཟླ་བ་༣་ལྷག་ལ་ངོ་རྒོལ་བསྟུད་མར་བྱས་པའི་རྐྱེན་གྱིས་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཁྲིམས་གཞི་དེ་ཕྱིར་བསྡུ་བྱ་དགོས་བྱུང་ཡོད། ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱ་ནག་གི་པེ་ཅིང་བར་དུ་ངོ་རྒོལ་ལས་འགུལ་སྤེལ་དུ་འགྲོ་ངེས་ཡིན། ང་ཚོས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཁག་ལ་གཏོར་བརླག་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། སྤྱི་དམངས་ཐོབ་ཐང་མདུན་སྤྱོད་ཚོགས་པས་ཧོང་ཀོང་གི་ཉེན་རྟོག་པས་ཆོག་མཆན་སྤྲད་མིན་ལ་ཁྱད་པར་མེད། ཁོ་ཚོས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་མྱ་ངན་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་བསྒྲགས། ཧོང་ཀོང་གི་ཉེན་རྟོག་པ་ཚོས་དམངས་གཙོ་དོན་གཉེར་བ་གཙོ་གྲས་གཉིས་ཏེ། གྷེ་རི་གྷོ་རི་ཝང་དང་ཝྭན་ཐུ་སི་ལོ་གཉིས་འཛིན་བཟུང་བྱས་པ་དང་ཕྱི་ཟླ་༩་པའི་ཚེས་༣༠་ཉིན་ཧོང་ཀོང་གི་སློབ་ཕྲུག་ཚོས་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་ནས་ཁྲོམ་སྐོར་ལ་ཞུགས་འདུག འདས་པའི་ཟླ་བ་མང་པོར་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་ལི་ལམ་གྱིས་མི་མང་གིས་ངོ་རྒོལ་ཞོད་འཇགས་གཏོང་ཐབས་ལ་འབད་བརྩོན་གཙོ་བོ་བྱས་པ་དང་། ཁོང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་རྒྱས་པོ་ཞིག་ཚུགས་རྒྱུ་ཡིན་ཞེས་བཤད་ཀྱང་ད་ལྟ་ཁེ་རི་ལམ་གྱིས་གློ་བུར་དུ་མགྲོན་ཤོག་བཏང་ནས་སྐུ་ཉིད་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོར་ཕེབས་རོགས་གནང་ཞེས་མི་མང་པོ་ཞིག་ལ་མགྲོན་བརྡ་བཏང་འདུག
སྤྱི་དམངས་ཐོབ་ཐང་མདུན་སྐྱོད་ཚོགས་པའི་འགོ་ཁྲིད་གཞོན་པ་ཝང་ཡིཀ་མོ་ཞེས་པ་ཞིག་གིས་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་མི་མང་གིས་མྱ་ངན་བྱ་དགོས། འདས་པའི་ལོ་༧༠་རིང་ལ་རྒྱ་ནག་མི་དམངས་གྲངས་ལས་འདས་པ་ཞིག་གིས་རང་ཉིད་བློས་གཏོང་བྱས་པ་དང་སྲིད་གཞུང་གིས་བསད་ཡོད། ༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པ་དང་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་འཛིན་བཟུང་བྱས་ནས་བཙོན་ཁང་དུ་འདས་གྲོངས་སུ་གྱུར་པ་རྣམས་དཔེ་མཚོན་དུ་འགོད་ཆོག ང་ཚོས་རྒྱ་ནག་དམར་ཤོག་གི་སྲིད་གཞུང་ཚུགས་ནས་ལོ་༧༠་འཁོར་བའི་དགའ་སྟོན་བྱ་རྒྱུའི་ཚབ་ཏུ་རྒྱ་ནག་རྒྱལ་ཡོངས་སུ་མྱ་ངན་གྱི་ལས་འགུལ་ཞིག་སྤེལ་དགོས་ཞེས་བཤད། སྤྱི་དམངས་ཐོབ་ཐང་མདུན་སྐྱོད་ཚོགས་པའི་འགོ་ཁྲིད་ཇཱི་མཱི་ཤམ་གྱིས་ཧོང་ཀོང་ས་གནས་གཞུང་གིས་ངོ་རྒོལ་ལས་འགུལ་འདིར་ཆོག་མཆན་མ་བཀོད་ཀྱང་ཆོག མི་མང་གིས་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་གྱོན་གོས་ནག་པོ་གྱོན་ནས་མྱ་ངན་གྱི་རྣམ་པ་སྟོན་དགོས་ཞེས་སྐུལ་ལྕག་བཏང་ཞིང་། སྤྱི་དམངས་ཐོབ་ཐང་མདུན་སྐྱོད་ཚོགས་པས་ཕྱི་ཟླ་༨་ཚེས་༣༡༌དང་ཕྱི་ཟླ་༩་པའི་ཚེས་༡༥་གཉིས་ལ་ངོ་རྒོལ་བྱེད་ཆོག་པའི་ཆོག་མཆན་ཞུས་པ་ཁག་ལའང་ཧོང་ཀོང་ས་གནས་གཞུང་གིས་ཆོག་མཆན་བཀོད་མེད་པ་རེད།
ད་ལོའི་ངོ་རྒོལ་དུས་སུ་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་རྣམས་ས་གནས་དེའི་འགོ་ཁྲིད་ཚོས་ཐག་གཅོད་བྱ་དགོས། རྒྱ་ནག་གཞུང་ལ་ཧོང་ཀོང་གི་འགོ་ཁྲིད་ཚོར་གནད་དོན་དེ་ཐག་གཅོད་ཡག་པོ་ཞིག་བྱེད་ཐུབ་པའི་ནུས་པ་ཡོད་པའི་ཡིད་ཆེས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་ཉམས་ཞིབ་པ་ཚོས་ཧོང་ཀོང་གི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པ་ལྟར་དྲག་གནོན་བྱ་སྲིད་པའི་ཚོད་དཔག་བྱས་ཀྱང་ད་སྔ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམག་བཏང་ནས་དྲག་གནོན་བྱས་མེད་ཅིང་། ཕྱི་ཟླ་༨་པའི་ཟླ་མཇུག་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་འགྲེམ་འཇོག་བྱེད་ཡོད་པའི་དམག་དཔུང་བརྗེ་སྒྱུར་སྣ་ཚོགས་ཤིག་བྱས། འོན་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ས་གནས་ཐོག་ཏུ་དམག་དཔུང་ཅི་ཙམ་འགྲེམ་འཇོག་བྱེད་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་པ་དང་། ད་ལྟ་ནུབ་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣ་༣་གྱིས་ལོ་འདིའི་ངོ་རྒོལ་སྔོན་དེར་ཧོང་ཀོང་གི་ས་ཐོག་ཏུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་༣༠༠༠་ནས་༥༠༠༠་ཡས་མས་ཤིག་ལས་མེད་ཀྱང་ད་ལྟ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ས་ཐོག་ཏུ་དམག་༡༠༠༠༠་ནས་༡༢༠༠༠་ཡས་མས་ཤིག་འགྲེམ་འཇོག་བྱས་འདུག་ཅེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་བཤད། ཉེ་ཆར་རྒྱ་ནག་གཞུང་གིས་ཧྲེན་ཀྲེན་གྲོང་ཁྱེར་དུ་མི་ཚོགས་ཀྱི་ངོ་རྒོལ་ལ་དྲག་གནོན་ཇི་ལྟར་བྱ་དགོས་མིན། གྲོང་ཁྱེར་གྱི་ངོ་རྒོལ་ལས་འགུལ་ཁག་ལ་དམག་བཏང་ནས་འཕྲལ་དུ་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྱི་དམག་སྦྱོང་ཐེངས་འགའ་ཞིག་བྱས་ཡོད་པ་རེད།།