ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཟླ་མཆོད་དུས་ཆེན་དང་བོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་ནི་རྒྱ་ནག་གི་བརྒྱད་པའི་བཅོ་ལྔའི་དུས་ཆེན་ནམ། ཟླ་མཆོད་དུས་ཆེན་ཡིན་པས་བོད་ཀྱི་ས་གནས་གང་སར་རྒྱ་ནག་གིས་སློབ་གྲྭ་དང་ལས་ཁུངས་སོགས་ལ་གཞུང་འབྲེལ་གྱིས་གུང་གསེང་བཏང་ནས་དུས་ཆེན་ལ་རོལ་ཏུ་འཇུག་གི་ཡོད་ཀྱང་ལོ་ཁ་ཤས་སྔོན་དང་བསྡུར་ན་སྐད་འཕྲིན་སོགས་དྲྭ་རྒྱ་བརྒྱུད་ནས་རྒྱ་ནག་གི་དུས་ཆེན་འདི་སྲུང་བརྩི་ཞུ་མཁན་གྱི་བོད་པ་ཇེ་ཉུང་དུ་ཕྱིན་ཡོད་པའི་རྣམ་པ་ཞིག་མངོན། མི་ཁ་ཤས་ཀྱིས་དེ་རིང་གི་ཉིན་མོ་འདིར་རྒྱ་ནག་གི་ཟླ་མཆོད་དུས་ཆེན་དང་བོད་པ་ཁྱི་སྣ་གར་ཁྲིད་ཅེས་དྲྭ་ལམ་དུ་རྩོམ་ཡིག་བྲིས་ནས་བརྒྱུད་སྐུར་གྱིས་དུས་ཆེན་འདིར་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་འདུག

མི་ཁ་ཤས་ཀྱིས་དུས་ཆེན་འདི་སྲོལ་ལུགས་དྲི་མ་ཅན་ཞིག་རེད་ཅེས་ངོས་འཛིན་བྱེད་བཞིན་ཡོད་ཀྱང་མི་ཁ་ཤས་ཀྱིས་དེ་རིང་གི་གུང་གསེང་དུས་ཚོད་འདི་སྐྱིད་ཀྱང་དུས་ཆེན་འདི་ང་དང་ངའི་མི་རིགས་ལ་འབྲེལ་བ་སྤུ་ཙམ་མེད། དུས་ཆེན་འདི་ང་ལ་འབྲེལ་བ་མེད་པས་ཉིན་འདིར་ང་ལ་དུས་ཆེན་གྱི་ཤིས་ཚིག་སོགས་མ་བསྐུར་རོགས་ཞེས་བརྗོད་མཁན་བྱུང་ཞིང་། ཡང་དུས་ཆེན་འདིའི་སྐབས་སུ་ཟླ་གོར་ཟ་བའམ། ཟླ་གོར་ལེགས་སྐྱེས་སུ་འབུལ་བའི་སྲོལ་ལུགས་ཡོད་པ་ལྟར་དྲྭ་ལམ་དུ་སྲོག་ཆགས་འཕྱི་བ་ཞིག་གིས་ཟླ་གོར་ཟ་བཞིན་པའི་བརྙན་རིས་བརྒྱུད་སྐུར་གྱིས་བོད་རང་གི་ལུགས་སྲོལ་ལ་འབྲེལ་བ་གཏན་ནས་མེད་པའི་ཟླ་མཆོད་དུས་ཆེན་སྲུང་བརྩི་བྱེད་མཁན་ཚོ་ནི་འཕྱི་བ་དང་འདྲ་ཞེས་ཟུར་ཟ་བྱེད་བཞིན་པ་སོགས་རྒྱ་ནག་གི་དུས་ཆེན་འདིར་ངོས་ལེན་མེད་པའི་གཏམ་བརྗོད་སྤེལ་མཁན་མང་པོ་བྱུང་འདུག

རྒྱ་ནག་གཞུང་གིས་བོད་ལ་དབང་སྒྱུར་བྱས་པའི་རྗེས་སུ་བོད་ཀྱི་ས་གནས་སོ་སོར་བོད་རིགས་རང་སྐྱོང་ལྗོངས་དང་བོད་རིགས་རང་སྐྱོང་ཁུལ་གྱི་མིང་བཏགས་ཀྱང་དོན་དངོས་སུ་མི་རིགས་ས་གནས་ཡོངས་སུ་མི་སེར་སྤེལ་བའི་སློབ་གསོ་སྤེལ་ཏེ་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་ཁག་ཏུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་བསླབ་གཞི་སྣ་གཅིག་བཞག་མེད་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཁག་གི་ངོ་སྤྲོད་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ངོ་སྤྲོད་ཀྱི་སློབ་ཚན་ཐོར་རེ་ཞིག་ལས་མེད་ཅིང་། དེའི་ཚབ་ཏུ་རྒྱ་ནག་གི་གནའ་རབས་དང་དེང་རབས་ཀྱི་ལོ་རྒྱུས་སློབ་ཁྲིད་བྱེད་པའམ། བརྒྱད་པའི་བཅོ་ལྔའི་དུས་ཆེན་སོགས་རྒྱ་མི་རིགས་རང་གི་སྲོལ་རྒྱུན་གྱི་དུས་ཆེན་ཆེན་པོ་བཞི་ལ་སོགས་པ་ངོ་སྤྲོད་བྱེད་ཀྱི་ཡོད་ཀྱང་རྒྱ་མི་རིགས་ཀྱི་དུས་ཆེན་ཁག་བོད་སོགས་གྲངས་ཉུང་མི་རིགས་ལ་གཅིག་གྱུར་གྱིས་སྲུང་བརྩི་བྱེད་དུ་བཅུག་པ་ནི་རྒྱ་མི་རིགས་ཀྱི་དུས་ཆེན་གཅིག་པུར་རྒྱལ་ཡོངས་སུ་གུང་གསེང་གཏོང་བའམ། མཛད་སྒོ་ཚོགས་པ་སོགས་བྱས་ཤིང་། མི་རིགས་བྱེ་བྲག་པའི་དུས་ཆེན་སོགས་ལ་གཞུང་འབྲེལ་གྱི་གུང་གསེང་སོགས་མེད་པའི་སྟབས་ཀྱིས་བོད་ཀྱི་མི་རབས་གསར་པ་ཚོའི་སེམས་སུ་རང་བཞིན་གྱིས་རྒྱ་མི་རིགས་ཀྱི་དུས་ཆེན་དེ་རྣམས་རང་གི་འཚོ་བའི་གོམས་གཤིས་སུ་གྱུར་ཏེ། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་སོགས་ཀྱི་འཚ་བའི་གོམས་གཤིས་རྣམས་ཉམས་དམས་སུ་འགྲོ་བཞིན་པའི་སྣང་ཚུལ་འབྱུང་གི་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་ལ་བོད་པ་མང་པོས་རྒྱ་ནག་གི་བཅུ་བའི་ཚེས་གཅིག་གི་རྒྱལ་སྟོན་དུས་ཆེན་དང་དེ་རིང་གི་བརྒྱད་པའི་བཅོ་ལྔའི་དུས་ཆེན་སོགས་སྲུང་བརྩི་བྱེད་འོས་མིན་དང་། རྒྱ་ནག་པ་དང་མཉམ་དུ་ལུགས་རྙིང་གོ་ལོ་སར་གཏོང་དགོས་མིན་སོགས་ལ་དོགས་སློང་དང་དགག་སྒྲུབ་ཇི་སྙེད་ཅིག་འབྱུང་གི་ཡོད་པས་བོད་པའི་གྲས་སུ་ལོ་རེ་བཞིན་རྒྱ་ནག་གི་དུས་ཆེན་འདི་དག་གི་སྐབས་སུ་དྲྭ་ལམ་དུ་དུས་ཆེན་གྱི་ཤིས་ཚིག་ཞུ་བའམ། དེ་ལ་སྒེར་ངོས་ནས་རྟེན་འབྲེལ་གྱི་མཛད་སྒོ་འཚོགས་རྒྱུ་སོགས་ལྟོས་བཅས་ཀྱིས་ཉུང་དུ་ཕྱིན་འདུག རྒྱ་ནག་གི་བརྒྱད་པའི་བཅོ་ལྔའི་དུས་ཆེན་འདི་ནི་རྒྱ་ནག་གི་ལུགས་རྙིང་བརྩི་སྟངས་ལྟར་གྱི་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་སྲུང་བརྩི་བྱེད་བཞིན་ཡོད་པ་ལྟར་ཉིན་འདིར་རྒྱ་ནག་རྒྱལ་ཡོངས་སུ་གཞུང་འབྲེལ་གུང་གསེང་བཏང་ནས་མི་ཚང་མས་ཟླ་གོར་ཟ་བའམ། ཟླ་གོར་ལེགས་སྐྱེས་སུ་འབུལ་རེས་བྱེད་པའི་སྲོལ་ཞིག་དར། དུས་ཆེན་འདི་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་སྐབས་ནས་དར་བའི་བཤད་སྲོལ་ཡོད་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་སོག་པོ་མགོ་རྟིང་སློག་པར་རྒྱ་ནག་པ་ཚོས་ལུགས་སྲོལ་འདི་གསར་གཏོད་བྱས་པ་རེད་ཅེས་བཤད་སྲོལ་ཡང་ཡོད་པ་རེད།།

XS
SM
MD
LG