ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་བརྗོད་བྱ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཏང་གི་སློབ་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཐོག་ཏུ་མཉམ་ཞུགས་བྱས་ནས་གཏམ་བཤད་བྱས་པ་དེའི་ནང་དུ་འཐབ་རྩོད་ཟེར་པའི་ཐ་སྙད་འདི་གཏམ་བཤད་ཀྱི་མགོ་མཇུག་བར་གསུམ་དུ་ཐེངས་༦༠་ཡས་མས་ཤིག་ལ་བསྐྱར་ཟློས་བྱུང་བས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅིང་། འཐབ་རྩོད་ཟེར་པའི་ཐ་སྙད་འདི་གཙོ་འཛིན་མའོ་ཙེ་ཏུང་གི་གཞུག་ཏུ་ཉེ་བའི་ལོ་༤༠་ལྷག་གི་རིང་ལ་རྒྱ་ནག་དབུས་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོའི་གཏམ་བཤད་ནང་དུ་ལན་མང་ཟློས་བརྗོད་བྱས་པ་ཧ་ཅང་མཐོང་ཐོས་དཀོན་པའི་མིང་ཚིག་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་འདུག

ཞིན་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་ལོ་ཧྲིལ་པོ་༧༠་འཁོར་བཞིན་པའི་སྐབས་འདིར་རྒྱ་ནག་གི་སྐབས་སུ་བབས་པའི་གནད་དོན་ཁག་ཐག་གཅོད་བྱེད་ཐབས་ལ་བློ་ཐག་རྦད་བཅད་ཀྱིས་འཐབ་རྩོད་བྱ་དགོས། རྒྱ་ནག་གི་ཕྱི་སྲིད་དང་ནང་སྲིད་གཉིས་ཀྱང་རང་ཐད་དུ་སྟོབས་ཤུགས་བསྐྱེད་དགོས། ལྷག་པར་དུ་ཨ་རི་དང་རྒྱ་ནག་ཚོང་དམག་གི་འགལ་ཟླ་ཤུགས་ཆེ་ནས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཚོང་དོན་ཐོག་ཏུ་རྒྱ་ནག་གིས་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་ཞེས་བསྟན། ཉམས་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་སྲ་བརྟན་འཛིན་ཐབས་ཀྱི་དམིགས་ཡུལ་ཆེད་དུ་ཞིས་ཅིན་ཕིང་གིས་དེ་ལྟར་གཏམ་བཤད་བྱས་པ་ཡིན་པའི་ངོས་འཛིན་ཡང་བྱེད་བཞིན་པ་རེད།

ཞིན་ཅིན་ཕིང་གི་གཏམ་བཤད་དེའི་ནང་དུ་སྔར་གྱི་གཏམ་བཤད་ཀྱི་ནང་དོན་ཁག་བསྐྱར་བཟློས་ཀྱིས་རྒྱ་ནག་གི་འདུན་མའམ། བརྒྱ་ལོ་གཉིས་པའི་ནང་དུ་འགྲུབ་དགོས་པའི་རྒྱ་ནག་གི་དམིགས་ཡུལ་རྣམས་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་དགོས་པའི་ནན་བརྗོད་བྱས་ཡོད་ཅིང་། ཞིས་ཅིན་ཕིང་གིས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་༡༨་པའི་སྟེང་དུ་རྒྱ་ནག་གི་བརྒྱ་ལོ་གཉིས་ཀྱི་དམིགས་ཡུལ་བཏོན་ཡོད་པ་སྟེ། སྤྱི་ལོ་༢༠༢༡་ལོར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྐབས་སུ་རྒྱ་ནག་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་ཞིག་ལ་འགྱུར་དགོས། རྒྱ་ནག་གི་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ཏེ། སྤྱི་ལོི་༢༠༤༩་ལོར་རྒྱ་ནག་སྟོབས་འབྱོར་ལྡན་པ་དང་དམངས་གཙོ། དཔལ་ཡོན་ལྡན་པ་དང་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་དགོས་ཞེས་ནན་བརྗོད་བྱས་འདུག

ཐེངས་འདིའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཏང་གི་སློབ་གྲྭའི་གཏམ་བཤད་ནང་དུའང་དམིགས་ཡུལ་འདི་དག་འགྲུབ་པར་འཐབ་རྩོད་བྱ་དགོས་ཞེས་འཁོད། རྒྱ་ནག་དང་ཐེ་ཝན་མཚོ་འགག་གཉིས་ཀྱི་གནད་དོན་ལ་དུས་ཡུན་རིང་པོའི་ཉམས་ཞིབ་པ་ཌི་ཝྭི་ཌི་ཌེ་བྷི་རོན་གྱིས་རྒྱ་ནག་གི་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་ཧྲིལ་པོ་བརྒྱ་འཁོར་གྲབས་ཡོད་པའི་སྐབས་འདིར་སྤྱིར་བཏང་ཡིན་ན་ཞིས་ཅིན་ཕིང་གིས་ད་ལྟའི་བར་དུ་རྒྱ་ནག་ལ་གྲུབ་འབྲས་ཅི་ཙམ་ཐོན་ཡོད་མེད་གླེང་ནས་རྒྱལ་བཙུགས་དུས་ཆེན་གྱི་དགའ་སྟོན་ལ་རྟེན་འབྲེལ་ཞུས་ནས་གཏམ་བཤད་སྤེལ་དགོས། འོན་ཀྱང་ཞིས་ཅིན་ཕིང་གིས་དེ་ལས་ལྡོག་སྟེ་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་མི་སྣ་གལ་ཆེན་ཁག་ལ་ཉེན་བརྡ་ལྟ་བུའི་གཏམ་བཤད་ཅིག་སྤེལ་ཡོད་པས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ད་དུང་ཡང་གདོང་ལེན་བྱ་དགོས་པའི་གནད་དོན་མང་པོ་ཞིག་ལུས་ཡོད་པའི་ཉེན་ཁ་མཚོན་ཐུབ་ཅེས་དཔྱད་བརྗོད་སྤེལ་འདུག

ཞིས་ཅིན་ཕིང་གི་གཏམ་བཤད་ནང་དུ་མ་འོངས་པའི་རྒྱ་ནག་གི་འཕེལ་རྒྱས་དོན་དུ་ཕྱོགས་གང་ཐད་ནས་འཐབ་རྩོད་བྱ་དགོས་པ་ཉུང་དུ་འགྲོ་མི་སྲིད། ད་དུང་མུ་མཐུད་དུ་རྙོག་འཛིང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་སྟེ། ཆབ་སྲིད་དང་དཔལ་འབྱོར། ཕྱི་འབྲེལ་དང་རྒྱལ་སྲུང་བཅས་ཀྱི་གནད་དོན་ཁག་ཅིག་ཀྱང་གླེང་། ཧོང་ཀོང་དང་ཨོ་མེན་ལས་དོན་ལའང་གླེང་སློང་བྱས་ཡོད་པས་ཨ་རིའི་ཉམས་ཞིབ་པ་ཌེ་ཝྭི་ཌི་བྷི་རོན་གྱིས་ཞིས་ཅིན་ཕིང་གིས་ཧོང་ཀོང་གི་གནད་དོན་ཐག་གཅོད་ཡག་པོ་ཞིག་མ་བྱུང་ན་ཐེ་ཝན་གྱི་གནད་དོན་ནི་དེ་བས་ཀྱང་ཐག་གཅོད་བྱ་ཁག་པོ་ཞིག་ལ་འགྱུར་སྲིད། ཁོ་པས་འཐབ་རྩོད་བྱ་དགོས་ཞེས་ལན་མང་བཟློས་པ་འདིས་ཞིས་ཅིན་ཕིང་གི་ཆབ་སྲིད་ཀྱི་དབང་ཆ་བརྟན་པོ་མེད་པའི་རྟགས་མཚན་ཤིག་རེད་ཅེས་བཤད་འདུག

XS
SM
MD
LG