ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཁེ་རི་ལམ་གྱིས་དགོངས་པ་ཞུ་རྒྱུ་དྲན་མྱོང་མེད་ཟེར།


༄༅།། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ངས་རང་གི་ལས་གནས་ནས་གནང་བ་ཞུ་རྒྱུའི་བསམ་བློ་ཙམ་ཡང་བཏང་མྱོང་མེད། ང་ལ་རྒྱ་ནག་དབུས་གཞུང་གིས་དགོངས་པ་ཞུ་མི་ཆོག་ཅེས་གནོན་ཤུགས་སྤྲད་ནས་རང་གི་ལས་གནས་ནས་གནང་བ་ཞུ་མ་ཐུབ་པ་ཞིག་མིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཕྱི་ཟླ་༩་པའི་ཚེས་༢་ཉིན་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་ཉིན་ཤས་གོང་དུ་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་གི་ནང་མོལ་ཚོགས་འདུའི་ཐོག་ཏུ་ངས་ཧོང་ཀོང་ལ་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་ཞིག་བསླངས་པར་ནམ་ཡང་དག་པ་འཐོབ་མི་ཐུབ། གལ་སྲིད་ང་ལ་གདམ་ཀ་ཞིག་ཡོད་ན་ངས་འཕྲལ་དུ་རང་གི་ལས་གནས་ནས་གནང་བ་ཞུས་ཏེ་ཧོང་ཀོང་མི་དམངས་ལ་བཟོད་གསོལ་ཞུ་ས་རེད། ད་ལྟ་ཧོང་ཀོང་གི་ངོ་རྒོལ་འདི་རྒྱ་ནག་གི་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་ཞིག་ལ་འགྱུར་གྱི་ཡོད་པས་ཐག་གཅོད་ཡག་པོ་ཞིག་བྱེད་ཐུབ་པའི་ཁོར་ཡུག་ཇེ་དོག་ཏུ་འགྲོ་བཞིན་འདུག་ཅེས་བཤད། དེ་རིང་གཟའ་མིག་དམར་ཉིན་ཁེ་རི་ལམ་གྱིས་ངས་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་ཚོར་ང་ཧོང་ཀོང་གི་སྤྱི་ཁྱབ་ཀྱི་ལས་གནས་ནས་གནང་བ་ཞུ་རྒྱུའི་གྲོས་བསྡུར་བྱ་དགོས་པའི་བསམ་བློ་ཙམ་ཡང་བཏང་མྱོང་མེད། ངས་རང་གི་ལས་གནས་ནས་གནང་བ་ཞུས་མེད་པ་ནི་ང་རང་གི་གདམ་ཀ་ཁོ་ན་ཡིན་ཞེས་གསར་འགོད་པའི་དོགས་འདྲི་ཁག་ལ་ལན་འདེབས་བྱས་ཀྱང་ནང་མོལ་ཚོགས་འདུ་དེར་ཞུགས་པའི་མི་གསུམ་གྱིས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་སྤེལ་བའི་གསར་འགྱུར་དེ་བདེན་པ་རེད། ཁེ་རི་ལམ་གྱིས་ནང་མོལ་ཚོགས་འདུའི་ཐོག་ཏུ་དེ་ལྟར་བཤད་སོང་ཞེས་ངེས་གཏན་བྱས་འདུག

ཧོང་ཀོང་གི་འགོ་ཁྲིད་ཚོའི་ནང་མོལ་ཚོགས་འདུ་དེའི་སྐད་ཆ་ལ་མཉན་ནས་ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་མི་དམངས་བཅིངས་འགྲོལ་དམག་གཏོང་སྲིད། ༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པ་བསྐྱར་ཟློས་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད

། འོན་ཀྱང་སྐབས་དེའི་ནང་མོལ་ཚོགས་འདུའི་ཐོག་ཏུ་ཁེ་རི་ལམ་གྱིས་ད་སྔ་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ལ་དམག་གཏོང་རྒྱུའི་ཚད་དེར་སླེབས་མི་འདུག རྒྱ་ནག་གཞུང་གིས་ང་ལ་ཕྱི་ཟླ་༡༠་པའི་ཚེས་༡་གི་རྒྱལ་སྟོན་དུས་ཆེན་གོང་དུ་ཧོང་ཀོང་གི་ངོ་རྒོལ་ཞོད་འཇགས་གཏོང་དགོས་པའི་དུས་བཀག་ཀྱང་བྱས་མ་བྱུང་། པེ་ཅིང་གི་དབང་འཛིན་པ་ཚོར་གཏན་ནས་ཧོང་ཀོང་གྲོང་ཁྱེར་གྱི་སྲང་ལམ་ཁག་ལ་དམག་གཏོང་རྒྱུའི་འདོད་པ་མི་འདུག ཡིན་ནའང་ཧོང་ཀོང་གི་ངོ་རྒོལ་འདི་རྒྱལ་ཁབ་ཀྱི་བདེ་འཇགས་དང་བདག་དབང་གི་གནད་དོན་ཞིག་ལ་གྱུར་ན་ཧོང་ཀོང་གི་སྤྱི་ཁྱབ་ལ་བྱ་ཐབས་ཁག་པོ་འདུག སྟབས་མ་ལེགས་པ་ཞིག་ལ་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་གྱིས་གཙོ་བདག་གཉིས་ཀྱི་བཀའ་ལ་ཉན་དགོས་པ་སྟེ། རྒྱ་ནག་དབུས་གཞུང་དང་ཧོང་ཀོང་མི་དམངས་གཉིས་ལ་སྲི་ཞུ་བསྒྲུབ་དགོས་པས་ཆབ་སྲིད་ཀྱི་བྱ་ཐབས་ཚད་ངེས་ཅན་ཞིག་ལས་མི་འདུག་ཅེས་ཉེན་བརྡ་བཏང་ཞིང་། རྒྱལ་སྤྱིའི་ཐོག་ཏུ་ཁེ་རི་ལམ་གྱི་ནང་མོལ་སྐད་ཆ་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་ཚོར་མི་མང་ངོ་རྒོལ་བའི་དགོས་འདུན་སྒྲུབ་ཏུ་འཇུག་གི་མེད་པའམ། ཡང་ན་ཧོང་ཀོང་ས་གནས་གཞུང་ལ་གུ་བཤངས་བྱེད་དུ་འཇུག་གི་མེད་པའི་གོ་བ་ལེན་གྱི་ཡོད་པ་རེད།

ད་ལོའི་ཕྱི་ཟླ་༦་པའི་མགོ་སྟོད་དེར་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོན་ནས་བཟུང་། ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱ་རྒྱུ་མགོ་བརྩམས་ནས་དུས་ཡུན་ཟླ་བ་༣་འགྲོ་བཞིན་ཡོད་ཅིང་། ད་ལྟའི་བར་དུ་ཧོང་ཀོང་ས་གནས་གཞུང་གིས་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་མི་༡༡༡༧་འཛིན་བཟུང་། བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རླངས་སྣུམ་གྱི་འབར་མདེལ་༡༠༠་ལྷག་གིས་ཉེན་རྟོག་པར་ཚུར་རྒོལ། ཧོང་ཀོང་གི་ཉེན་རྟོག་པས་མཆི་སྦྱིན་དུག་རླངས་༢༤༡་འཕངས་ཏེ་འགྱིག་གི་མདེའུ་བརྫངས་པའི་མེ་མདའ་ཐེངས་༩༢་བརྒྱབ་པ་དང་འགྱིག་གི་ལག་འཕེན་འབར་མདེལ་༡༠་ལྷག་གཡུགས་འདུག ཡིན་ནའང་ཧོང་ཀོང་གི་ཉམས་ཞིབ་པ་ཚོས་ས་གནས་དེའི་སྲིད་གཞུང་གིས་མི་མང་ངོ་རྒོལ་བ་རྣམས་སྡེབ་ཚོགས་བྱས་ནས་འཛིན་བཟུང་བྱས་ན་གནས་སྐབས་རིང་ངོ་རྒོལ་ཁྲོམ་སྐོར་ཁག་འགོག་ཐུབ་ཀྱང་ཕུགས་སུ་ཧོང་ཀོང་གི་ངོ་རྒོལ་འདི་དྲག་ཐལ་ཅན་ཞིག་ལ་འགྱུར་སྲིད་ཅེས་བཤད་ཡོད་པ་སྟེ། ལིང་ནན་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཡོན་ཝེ་ཧེ་ཞེས་པ་ཞིག་གིས་ཧོང་ཀོང་གི་ཉེན་རྟོག་པ་ཚོས་བསམ་བཞིན་ངོ་རྒོལ་བ་རྣམས་འཛིན་བཟུང་བྱེད་ཀྱི་འདུག ཧོང་ཀོང་གི་ཉེན་རྟོག་པས་མི་ཁྲི་ཚོ་༢་ནས་ཁྲི་༣་ཡས་མས་རེ་འཛིན་བཟུང་བྱས་ཀྱང་སྲང་ལམ་ཁག་ཅིག་གི་ངོ་རྒོལ་ཁྲོམ་སྐོར་མེད་པར་གཏོང་ཐུབ་ཀྱང་ཕུགས་སུ་ཕན་ཐོགས་མེད། དེང་སྐབས་སྐྱེ་བོ་ཇི་སྙེད་ཅིག་གིས་ཞི་བའི་ངོ་རྒོལ་བྱེད་ཀྱི་ཡོད་པ་ཕྱིས་སུ་དྲག་སྤྱོད་ལ་འགྱུར་སྲིད་པའི་ཉེན་ཀ་ཡོད་ཅེས་བཤད། ཧོང་ཀོང་གི་ཁྲུས་དབང་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཁྲེང་ཝེ་ཞེས་པ་ཞིག་གིས་ཉེན་རྟོག་པས་མི་འཛིན་བཟུང་གི་ཐབས་ཇུས་ཤིག་སྤྱོད་བཞིན་པ་ནི་ཉེན་ཀ་ཞིག་རེད། མི་འཛིན་བཟུང་དེས་ཁོང་ཁྲོ་བསླངས་ནས་ཧོང་ཀོང་ས་གནས་གཞུང་ལ་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་སྲིད་ཅེས་ཉེན་བརྡ་བཏང་འདུག

པེ་ཅིང་གི་དབང་འཛིན་པ་ཚོས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་ལ་རྒྱབ་སྐྱོར་ཡོད། ཧོང་ཀོང་ས་གནས་གཞུང་གིས་ལས་ཐབས་ཅི་ཞིག་བསྟེན་དགོས་ཐུག་ཀྱང་ལག་ལེན་བསྟར་ནས་གྲོང་ཁྱེར་དེའི་སྤྱི་དམངས་ཀྱི་བདེ་འཇགས་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་སྲུང་སྐྱོབ་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། དཔེར་ན་གཟའ་མིག་དམར་ཉིན་རྒྱ་ནག་གི་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་ལས་དོན་ལྷན་ཁང་གི་ལས་སྣེ་ཚོས་ཧོང་ཀོང་གི་གནས་སྟངས་ནི་ཚབས་ཆེན་ཞིག་ལ་འགྱུར་གྱི་ཡོད་པས་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ལ་ཞི་བདེ་དང་རྒྱུན་ལྡན་གྱི་གནས་བབ་སླར་གསོ་འབྱུང་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན་ཞེས་བཤད། གསར་འགོད་པ་ཚོས་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་ཚོར་ངོ་རྒོལ་ལས་འགུལ་ཞོད་འཇགས་གཏོང་དགོས་པའི་དུས་བཀག་བྱས་ཡོད་མེད་དྲིས་ཀྱང་མགྲིན་ཚབ་པ་ཤུའི་ལུ་དབྱིང་གིས་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཚོས་ཁྲིམས་དང་སྒྲིག་སྲོལ་ཁག་མྱུར་དུ་སླར་གསོ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་ལན་བཏབ། རྒྱ་གཞུང་གི་མགྲིན་ཚབ་པ་དབྱང་ཀྭོང་ཞེས་པ་ཞིག་གིས་དྲག་ཐལ་པ་ཉུང་ཤས་ཀྱིས་ཧོང་ཀོང་མི་དམངས་རྣམས་ཞི་བདེ་དང་ཡར་རྒྱས་ལ་དགའ་མོས་ཡོད་པར་སྣང་མེད་བཏང་ནས་ཟིང་འཁྲུག་སློང་བ་དང་ཁྲིམས་འགལ་གྱི་ལམ་དུ་སྐྱོད་ཀྱི་འདུག འདི་ནི་མི་མང་གི་དགོས་འདུན་གྱི་སྐད་ཆ་ཞིག་མ་རེད། འདི་ནི་ཆབ་སྲིད་ཀྱི་ཀུ་ཅོ་སྒྲོགས་པའི་ཉེན་ཀ་ཞིག་ཡིན་པ་དང་མི་ཁག་ཅིག་གིས་ཧོང་ཀོང་རང་བཙན་བྱེད་པའམ། ཡང་ན་ཧོང་ཀོང་ཁྲིམས་མགོ་ཕྱེད་རང་བཙན་ཅན་ཞིག་ལ་སྒྱུར་ཐབས་བྱེད་ཀྱིན་འདུག་ཅེས་བཤད།

སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཧོང་ཀོང་གི་བཅའ་ཁྲིམས་ཡོད་དོ་ཅོག་གི་ནང་དུ་དྲག་ཟིང་དང་ཟིང་འཁྲུག་འགོག་ཐུབ་པ་ཞིག་ཡོད་ན་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་གཞུང་དེར་ཞིབ་འཇུག་བྱ་དགོས་པའི་ལས་འགན་ཡོད་ཅེས་ཡོད་པར་མ་ཟད། མིང་འདོན་མ་བྱས་པའི་ཧོང་ཀོང་གི་གཞུང་འབྲེལ་མི་སྣ་གཞན་ཞིག་གིས་ཀྱང་མ་འོངས་པར་ངོ་རྒོལ་ལས་འགུལ་འདི་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ཚོད་དཔག་དཀའ། དེས་ན་ཧོང་ཀོང་ས་གནས་གཞུང་གིས་ཛ་དྲག་གི་ཁྲིམས་གཞི་ཚུད་པའི་བྱ་ཐབས་ཡོད་ཚད་ལ་བསམ་ཞིབ་བྱ་དགོས་ཀྱི་འདུག ཡིན་ནའང་ད་ལྟའི་དུས་སྐབས་འདིར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཛ་དྲག་གི་ཁྲིམས་གཞི་བསྡམ་དགོས་པའི་ཚད་དེར་སླེབས་མི་འདུག་ཅེས་བཤད་ཡོད་ཅིང་། ཧོང་ཀོང་གི་ཚོང་དོན་དང་དཔལ་འབྱོར་འཕེལ་རྒྱས་དྲུང་ཆེས་ང་ཚོས་ལས་ཐབས་ཐམས་ཅད་ལག་ལེན་བསྟར་དགོས་པ་དེར་བསམ་ཞིབ་བྱ་དགོས་ངེས་རེད། ད་སྔ་ཧོང་ཀོང་གི་ཚོང་ལས་དང་དཔལ་འབྱོར་ལ་བརྡབ་གསིག་ཕོག་སྟེ་ཛ་དྲག་གི་ཁྲིམས་གཞི་བསྡམ་དགོས་པ་ཞིག་ལ་གྱུར་མི་འདུག ང་ཚོས་ཉིན་ལྟར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཧོང་ཀོང་གི་ཁྲིམས་དང་སྒྲིག་གཞི་ཁག་ལ་བསམ་བློ་གཏོང་གི་ཡོད་ཅེས་བཤད་འདུག ༡༩༦༧་ལོར་ཧོང་ཀོང་ལ་ཟིང་འཁྲུག་ལངས་ནས་ཛ་དྲག་གི་ཁྲིམས་གཞི་བསྡམས། ཧོང་ཀོང་ལ་ཛ་དྲག་གི་ཁྲིམས་གཞི་བསྡམས་ན་སྤྱི་ཁྱབ་འགན་འཛིན་དེར་དུས་རྒྱུན་གྱི་ཁྲིམས་དང་སྒྲིག་གཞི་རྣམས་ཕྱིར་བསྡུ་བྱེད་ཆོག་པ་དང་མི་མང་གི་འདུ་འཛོམས་འགོག་ཆོག་པ། འཛིན་བཟུང་དང་བཀག་ཉར། སྔོག་བཤེར་དང་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར། ཕྱིར་ཕུད། མཚོ་ཁ་དང་སྐྱེལ་འདྲེན་བཀག་སྡོམ། ཛ་དྲག་གི་ཁྲིམས་གཞི་ལ་འགལ་འཛོལ་བྱུང་བ་ཚོར་བཙོན་འཇུག་ནས་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཆོག་པའི་དབང་ཚད་ཡོད། གཟའ་མིག་དམར་ཉིན་ཧོང་ཀོང་གི་འགོ་ཁྲིད་ཚོས་མངའ་ཁུལ་དེར་ཛ་དྲག་གི་ཁྲིམས་གཞི་བསྡམ་སྲིད་པའི་སྔོན་བརྡ་བཏང་རུང་ཧོང་ཀོང་མི་དམངས་ཀྱིས་ཛ་དྲག་གི་ཁྲིམས་དེར་གོང་བཀུར་བྱ་རྒྱུ་ཡིན་མིན། ཛ་དྲག་གི་ཁྲིམས་གཞི་བསྡམས་པའི་རྗེས་སུའང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འགོག་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པ་རེད།།

XS
SM
MD
LG