ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གཞུང་གིས་ཧོང་ཀོང་གི་དམག་སྡེ་བརྗེ་སྒྱུར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་དེ་རིང་སྤྱི་ཟླ་༨་པའི་ཚེས་༢༩་ཉིན་གྱི་ཞོགས་པར་ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བརྗེ་སྒྱུར་བྱས་ཀྱང་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་དམག་བཏང་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱ་རྒྱུའི་སྡིགས་ར་བསྐུལ་ཡོད་པའི་གོ་བ་ལེན་གྱི་ཡོད་ཅིང་། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་སྤེལ་བའི་པར་རིས་ཀྱི་སྟེང་དུ་ལྕགས་ཁྲབ་འཁོར་ལོ་མང་པོ་ཞིག་རྒྱ་ལམ་གྱི་སྟེང་དུ་པང་བསྒྲིགས་ནས་འགྲོ་བཞིན་པ་དང་དམག་གི་མཚོ་གྲུ་ཆེན་པོ་ཞིག་གི་པར་རིས་ཀྱང་འགྲེམ་སྤེལ་བྱས་འདུག པར་རིས་ཀྱི་གསལ་བཤད་དེར་ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྡེ་ཁག་བརྗེ་སྒྱུར་བྱེད་དུ་འགྲོ་བཞིན་པའི་སྐམ་དམག་གི་དམག་སྡེ་ཧོང་ཀོང་གི་མཐའ་མཚམས་བརྒྱུད་ནས་འགྲོ་བཞིན་པ་རེད། ཧོང་ཀོང་གི་དམག་སྡེ་བརྗེ་སྒྱུར་གྱི་ཆེད་དུ་འགྲོ་བཞིན་པའི་མཚོ་དམག་གི་དམག་སྡེ་ནི་ཧོང་ཀོང་གི་ཨང་ཁྲོན་ཀྲུག་གྲུ་ཁར་སླེབས་ཡོད་ཅེས་གསར་འགྱུར་སྤེལ་འདུག

འདི་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་ཧོང་ཀོང་དུ་གཞིས་ཚུགས་ནས་བཟུང་སྟེ་དམག་སྡེ་བརྗེ་སྒྱུར་བྱས་པ་ཐེངས་༢༢་པ་ཡིན་ཞིང་། དེ་རིང་ཨོ་མོན་དམིགས་བསལ་ས་ཁུལ་དུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་ཡང་བརྗེ་སྒྱུར་བྱས་ཡོད་པའི་གསར་འགྱུར་ཐོན་འདུག ཉེ་ཆར་ཧོང་ཀོང་ས་གནས་གཞུང་གིས་དོགས་ཅན་པའམ། ཡང་ན་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་གཏན་འབེབས་བྱ་རྩིས་བྱས་པར་མང་ཚོགས་ཀྱིས་ངོ་རྒོལ་བྱས་ནས་ཧ་ཅང་གི་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པའི་སྐབས་འདིར་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་བརྗེ་སྒྱུར་བྱས་པ་འདིས་ཧོང་ཀོང་དང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདིར་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་བྱེད་མཁན་ཡོངས་ཀྱིས་བློ་འཚབ་ཆེན་པོ་བྱ་དགོས་པ་ཞིག་ཏུ་གྱུར། ད་ལོ་ཧོང་ཀོང་ལ་ངོ་རྒོལ་ལས་འགུལ་ལངས་ནས་དུས་ཡུན་ཟླ་བ་གསུམ་འགྲོ་བཞིན་ཡོད་པས་ཧོང་ཀོང་ས་གནས་སྲིད་གཞུང་དང་རྒྱ་ནག་དབུས་གཞུང་གཉིས་ཀས་ཕྱི་ཟླ་༡༠་པའི་ཚེས་༡་གི་རྒྱལ་སྟོན་དུས་ཆེན་སྔོན་ལ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་མཚམས་འཇོག་བྱེད་དུ་འཇུག་ཐུབ་པའི་འབད་བརྩོན་གང་ཐུབ་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདིར་ཧོང་ཀོང་རང་བཙན་གྱི་ངན་ཇུས་འདྲེས་ཡོད་ཚུལ་དང་ངོ་རྒོལ་ལས་འགུལ་འདིའི་སྐབས་སུ་དྲག་སྤྱོད་སྤེལ་མཁན་ཡོད་པའི་ཉེས་འཛུགས་དང་དྲག་སྤྱོད་ལ་ལན་ཁག་དཀྲིས་ནས་ཧོང་ཀོང་གི་ངོ་རྒོལ་ལ་དམག་དཔུང་བཏང་ནས་དྲག་གནོན་བྱ་དགོས་པའི་ཉེན་བརྡ་གཏོང་བཞིན་ཡོད་ཅིང་། དཔེར་ན་ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཉེ་འཁྲིས་སུ་ཡོད་པའི་ཧྲིན་ཀྲེན་གྲོང་ཁྱེར་དུ་དྲག་ཆས་སྤྲས་པའི་དམིགས་བསལ་གྱི་ཉེན་རྟོག་པ་མང་པོ་འགྲེམ་འཇོག་གིས་ངོ་རྒོལ་ལས་འགུལ་བར་དམ་དྲག་བྱ་ཐབས་ཀྱི་སྦྱོང་བརྡར་བྱས་འདུག ཡང་ཟླ་བ་འདིའི་སྤྱི་ཚེས་༢༧་ཉིན་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་ཀྱིས་ཧོང་ཀོང་ལ་ཛ་དྲག་གི་ཁྲིམས་གཞི་ལག་བསྟར་བྱ་རྒྱུའི་རྣམ་འགྱུར་བསྟན་ཡོད་པ་སོགས་ཀྱང་ཧོང་ཀོང་གི་ལས་འགུལ་ལ་དྲག་གནོན་འཕོག་སྲིད་པའི་སྔ་ལྟས་སུ་ངོས་འཛིན་བྱེད་མཁན་ཡོད་པ་རེད།

ཧོང་ཀོང་ལ་ཛ་དྲག་གི་ཁྲིམས་གཞི་ལག་བསྟར་བྱ་རྒྱུའི་འཆར་གཞི་ནི་ཧོང་ཀོང་སྤྱི་ཁྱབ་ཀྱིས་སྤྱི་ཟླ་༡༠་པའི་ཚེས་༡་སྟེ། རྒྱ་ནག་དམར་ཤོག་གི་སྲིད་གཞུང་བཙུགས་ནས་ལོ་༧༠་འཁོར་བའི་རྒྱལ་སྟོན་དུས་ཆེན་སྔོན་ལ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཞོདའཇགས་གཏོང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་རུང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱ་སྲིད་པའི་རྟགས་མཚན་ཅི་ཡང་མེད་པར་མ་ཟད། དེ་རིང་ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་ཧོང་ཀོང་ལ་དོགས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་གཏན་འབེབས་བྱ་རྒྱུ་མིན་པའི་ཐག་གཅོད་གཙང་མ་ཞིག་མ་བྱས་བར་དུ་ངོ་རྒོལ་ལས་འགུལ་རྣམས་མཚམས་འཇོག་བྱ་རྒྱུ་མིན། ཧོང་ཀོང་ས་གནས་གཞུང་གིས་མི་མང་ངོ་རྒོལ་བས་བཏོན་པའི་དགོས་འདུན་དོན་ཚན་ལྔ་ལ་མོས་མཐུན་བྱ་དགོས་ཞེས་ཁྱབ་བསྒྲགས་བྱས་འདུག

ཧོང་ཀོང་གི་ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་མིན་པའི་ཁས་ལེན་བྱ་དགོས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་དྲག་ཟིང་ཞེས་འགྲེལ་བཤད་རྒྱག་གི་ཡོད་པ་མཚམས་འཇོག་བྱ་དགོས། ཧོང་ཀོང་གི་ཉེན་རྟོག་པས་མི་མང་ལ་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་པའི་ཉེས་སྐྱོན་ངོས་ལེན་བྱ་རྒྱུ། ཧོང་ཀོང་ས་གནས་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་ངོ་རྒོལ་བ་ཚོར་ནག་ཉེས་འཛུགས་མི་ཆོག་པར་གློད་གྲོལ་གཏོང་དགོས། ཧོང་ཀོང་ས་གནས་གཞུང་གིས་རང་བཙན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ངོ་རྒོལ་གྱི་འབྱུང་རྐྱེན་ལ་ཞིབ་འཇུག་དང་དམངས་གཙོའི་སྒྱུར་བཅོས་གཏོང་དགོས། ང་ཚོས་ཧོང་ཀོང་ས་གནས་གཞུང་ལ་གྲུབ་འབྲས་མེད་པའི་གྲོས་མོལ་རྫུན་མའི་རིགས་བྱ་འདོད་མེད་ཞེས་བཀོད། ཡིན་ནའང་ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་གསར་འགོད་པར་ལན་འདེབས་བྱས་པའི་སྐབས་སུ་དགོས་འདུན་དོན་ཚན་ལྔར་མོས་མཐུན་བྱ་ཐབས་མི་འདུག དགོས་འདུན་དེ་དག་གཏན་ནས་ངོས་ལེན་བྱེད་ཐུབ་པ་ཞིག་མ་རེད་ཅེས་འགྲེལ་བཤད་བརྒྱབ་འདུག

XS
SM
MD
LG