ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འཛམ་གླིང་གི་སྟོབས་ཤུགས་ཆེན་རྒྱལ་ཁབ་༧་གྱི་ཚོགས་ཆེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ༢༠༡༩་ལོའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་ཚོགས། ད་ལོའི་ཚོགས་ཆེན་ཐོག་ཏུ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་གདོད་མའི་ནགས་ཚལ་ལ་མེ་ཤོར་ཡོད་པ་འགོག་ཐབས་དང་འཛམ་གླིང་གི་དཔལ་འབྱོར། ཨ་རི་དང་རྒྱ་ནག་གི་ཚོང་དམག་བཅས་ལ་གྲོས་བསྡུར། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་གྲོས་མཐུན་ཞིག་མྱུར་དུ་འཇོག་སྲིད་ཅེས་བཤད་ཀྱང་ཉིན་གསུམ་གྱི་སྔོན་དེར་ཌོ་ནལ་ཊམ་གྱིས་ཞིས་ཅིན་ཕིང་ཨ་མི་རི་ཀའི་དགྲ་བོ་རེད། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་འགེལ་རྩིས་ཡོད། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་རྒྱལ་ཁབ་གཞན་ལ་སྤོར་དགོས་ཞེས་སྐུལ་ལྕག་བཏང་ཞིང་། གཟའ་མཇུག་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་རླབས་ཆེན་གྱི་འགོ་ཁྲིད་ཅིག་རེད་ཅེས་བསྔགས་པ་བརྗོད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་མྱུར་དུ་འཕྲོ་སྐྱོང་བྱ་འཆར་ཡོད། ང་ཚོའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་གང་འདྲ་ཞིག་སྨིན་རྒྱུ་ཡིན་མིན་བཤད་དཀའ། ཡིན་ནའང་ངས་བལྟས་ན་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུའི་རེ་བ་འདུག་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྐད་ཆ་བཤད་སྟངས་འཇམ་དུ་བཏང་ནས་འཛམ་གླིང་གི་མ་རྐང་ཁྲོམ་ར་ཁག་ལ་འཕར་ཆག་གི་བརྡ་འཁྲུག་ཆེན་པོ་ཞིག་ཐེབས་སྲིད་པ་འགོག་ཐུབ་ཡོད།

རྒྱ་ནག་གི་གྲོས་མོལ་འགོ་བ་དང་སྲིད་བློན་གཞོན་པ་ལིའུ་ཧེ་ཡིས་ཀྱང་རྒྱ་ནག་ལ་ཚོང་དམག་ཤུགས་ཆེ་རུ་གཏོང་འདོད་མེད། ང་ཚོ་ཕྱོགས་གཉིས་ཀས་གྲོས་བསྡུར་དང་མཉམ་འབྲེལ་བྱས་ནས་ཚོང་ལས་ཀྱི་འགལ་ཟླ་རྣམས་ཐག་གཅོད་བྱ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ཨ་རི་དང་རྒྱ་ནག་གི་ཚོང་དམག་ཤུགས་ཆེ་རུ་བཏང་ན་སུ་གཅིག་ལའང་ཁེ་ཕན་མེད་ཅེས་ནན་བརྗོད་བྱས་འདུག ཉམས་ཞིབ་པ་མང་པོ་ཞིག་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྐད་ཆར་ངེས་གཏན་མེད་པས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་ཐུབ་རྒྱུ་ཡིན་མིན་ཚོད་དཔག་བྱ་དཀའ། ཕྱི་ཟླ་༨་ཚེས་༢༦་ཉིན་རྒྱ་ནག་གི་མི་དམངས་ཤོག་སྒོར་སླར་ཡང་འཛའ་ཐང་ཆག་ཡོད་པར་མ་ཟད། དཔལ་འབྱོར་རིག་པ་བ་མང་པོ་ཞིག་གིས་ཨ་མི་རི་ཀ་དཔལ་འབྱོར་ཉམས་རྒུད་ཀྱི་ཕྱོགས་སུ་ཁ་ལོ་འགྱུར་གྱི་ཡོད་སྲིད་པའི་བློ་འཚབ་ཆེན་པོ་ཞིག་བྱེད་ཀྱི་ཡོད་ཅིང་། སིངྒ་པུར་གྱི་མཱི་ཟུ་ཧོ་དངུལ་ཁང་གི་ཉམས་ཞིབ་པས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཉེན་བརྡ་བཏང་བ་ནི་ཨ་མི་རི་ཀས་མུ་མཐུད་དུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་རྟགས་མཚན་རེད་ཅེས་བཤད། ཁ་སྔོན་གཟའ་པ་སངས་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༢༥༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་རྒྱག་གི་ཡོད་པ་བརྒྱ་ཆ་༣༠་ལ་སྤར་སྲིད། ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་རྒྱག་གི་ཡོད་པ་བརྒྱ་ཆ་༡༥་ལ་སྤར་སྲིད་ཅེས་སྡིགས་ར་བསྐུལ།

༢༠༡༩་ལོའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་གདོད་མའི་ནགས་ཚལ་ལ་མེ་ཤོར་ཏེ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གནོད་སྐྱོན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པར་འགོག་ཐབས་བྱ་དགོས་པའི་གྲོས་བསྡུར་བྱུང་ཡོད་པ་སྟེ། ཧྥར་རན་སིའི་སྲིད་འཛིན་གྱིས་ལྷོ་ཨ་མི་རི་ཀའི་གདོད་མའི་ནགས་ཚལ་རྣམས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ལ་གནད་འགག་ཆེན་པོ་ཡིན། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༧་གྱི་འགོ་ཁྲིད་ཚོ་བྷར་ཛིལ་རྒྱལ་ཁབ་ལ་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ་དང་གདོད་མའི་ནགས་ཚལ་གྱི་མེ་གསོད་ལས་དོན་ཁག་ལ་རྒྱབ་སྐྱོར་བྱ་དགོས་པའི་གྲོས་མཐུན་ཞིག་འཇོག་གྲབས་ཡོད་ཅེས་བཤད་པ་དང་ཆབས་ཅིག ཧྥ་རན་སིའི་སྲིད་འཛིན་དང་འཇར་མན་ཎིའི་སྲིད་བློན་གཉིས་ཀས་བྷར་ཛིལ་གྱི་གདོད་མའི་ནགས་ཚལ་ལ་མེ་ཤོར་པ་ནི་འཛམ་གླིང་སྤྱིའི་ཛ་དྲག་གི་གནས་ཚུལ་ཞིག་རེད་ཅེས་བཤད། ཧྥ་རན་སིའི་སྲིད་འཛིན་གྱིས་བྷར་ཛིལ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ལ་གཏོར་བཤིག་དང་ཤིང་ནགས་གཅོད་འབྲེག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་ཉེས་སྐྱོན་བརྗོད། གལ་སྲིད་བྷར་ཛིལ་གཞུང་གིས་གདོད་མའི་ནགས་ཚལ་ལ་སྲུང་སྐྱོབ་མ་བྱས་ན་ཧྥ་རན་སི་དང་བྷར་ཛིལ་གྱི་ཚོང་ལས་ལ་འགལ་རྐྱེན་འཕྲད་ངེས་ཡིན་ཞེས་ཉེན་བརྡ་བཏང་བས་བྷར་ཛིལ་གཞུང་གིས་དམག་བཏང་ནས་གདོད་མའི་ནགས་ཚལ་གྱི་མེ་གསོད་འགོ་ཚུགས།

ཧྥ་རན་སིའི་སྲིད་འཛིན་གྱིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ལ་ཨི་རན་གྱི་ཕྱི་སྲིད་བློན་ཆེན་མགྲོན་འབོད་བྱས་པ་དང་༢༠༡༥་ལོར་ཨ་མི་རི་ཀ་དང་ཨི་རན་གཉིས་ཀྱིས་རྡུལ་ཕྲན་གྲོས་མཐུན་ཞིག་བཞག་པར་ཧྥ་རན་སི་དང་དབྱིན་ཇི། འཇར་མན་ཎི་སོགས་ཀྱིས་ཀྱང་མིང་རྟགས་བཀོད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀ་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱས་པ་དང་ཧྥ་རན་སིའི་གཞུང་གིས་ཨི་རན་གྱི་རྡུལ་ཕྲན་གྲོས་མཐུན་རྩིས་མེད་མི་འགྲོ་བའི་ཆེད་དུ་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཚོགས་ཆེན་དེར་གདན་འདྲེན་ཞུས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ལ་སྔོན་ནས་ཧྥ་རན་སིའི་སྲིད་འཛིན་གྱིས་སྐད་ཆ་དྲིས་བྱུང་། ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཚོགས་ཆེན་དེར་མགྲོན་འབོད་བྱས་པར་ང་ལ་དགག་བྱ་མེད། ཡིན་ནའང་ང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་བྱ་འཆར་མེད། སྲིད་འཛིན་མེཀ་ཧོན་གྱིས་ཅི་ཞིག་བྱེད་ཀྱི་ཡོད་པར་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོ་ཨི་རན་གྱི་འབྲེལ་ཡོད་མི་སྣ་ཚོར་ཐུག་འཕྲད་བྱེད་ཐུབ་པའི་དུས་ཚོད་ཅིག་འབྱུང་ངེས་རེད། ཐུག་འཕྲད་ཀྱི་དུས་ཚོད་དེ་སླེབས་དུས་ཨི་རན་ལའང་དགེ་མཚན་ཆེན་པོ་ཞིག་ཡོད། ཨི་རན་ལ་ཕྱོགས་གང་ཐད་དུ་ཡར་རྒྱས་འགྲོ་ཐུབ་པའི་ནུས་པ་ཆེན་པོ་ཞིག་འདུག་ཅེས་བཤད། ཁ་སང་གཟའ་ཉི་མ་ནས་ཨི་རན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཧྥ་རན་སིའི་སྲིད་འཛིན་དང་འཇར་མན་ཎིའི་སྲིད་བློན། དབྱིན་ཇིའི་སྲིད་བློན་གསར་པ་སོགས་ལ་ཐུག་འཕྲད་གྲོས་མོལ་བྱས་འདུག

ད་ལོ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སླར་ཡང་ཨུ་རུ་སུའི་སྲིད་འཛིན་འཛམ་གླིང་གི་བཟོ་ལས་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་ལ་མགྲོན་འབོད་བྱ་དགོས། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༧་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༨་ལ་བསྒྱུར་དགོས་ཞེས་བསྐུལ། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་ནས་བཟུང་། ཨུ་རུ་སུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་སྟེ་སྲིད་འཛིན་ཕུ་ཀྲིན་འཛམ་གླིང་གི་བཟོ་ལས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ལ་ཞུགས་ཆོག་གི་མེད་ཅིང་། སྔ་ལོ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་ཁེ་ན་ཌར་ཚོགས་མོད། འོན་ཀྱང་སྐབས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཁེ་ན་ཌའི་སྲིད་བློན་གཉིས་འབྲེལ་བ་ཡག་པོ་ཞིག་མ་བྱུང་བར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཚོགས་འདུ་མ་གྲོལ་གོང་དུ་ཨེ་ཤི་ཡར་ཕེབས་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱ་རྒྱུ་གནད་འགག་ཆེ་བར་བརྩིས། ད་ལོ་ཧྥ་རན་སིའི་གཞུང་གིས་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཚོགས་ཆེན་དེར་གདན་འདྲེན་ཞུས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ངོ་རྒོལ་བྱས་མེད་པ་དང་། ད་དུང་ཨ་རིའི་སྲིད་འཛིན་དང་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ལའང་འགལ་ཟླ་ཆེན་པོ་ཞིག་བྱུང་བའི་གནས་ཚུལ་ཐོན་མེད་པ་རེད།།

XS
SM
MD
LG